གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤར་ཕྱོགས་ཀྱི་དཔེ་དེབ་འགྲེམས་སྟོན་ནང་ བཅའ་མར་གཏོགས་མི་ཚུ་ལུ་སེམས་ཕམ།

༡/༥/༢༠༡༣   ༉ དུས་ཅི་ རྒྱལ་ཡོངས་དཔེ་དེབ་འགྲེམས་སྟོན་ཐེངས་༦ པ་དེ་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ མོང་སྒར་ འབྲིང་རིམ་སློབ་གྲྭ་འོག་མའི་རྩེད་ཐང་ནང་སྦེ་ སྤྱི་ཟླ་༤ པའི་ཚེས་༢༦ ལས་ འགོ་བཙུགས་ཡོད་རུང་ དཔེ་དེབ་ཉོ་མི་ ཉུང་སུ་ཅིག་ལས་བརྒལ་ མེད་མི་ལུ་བརྟེན་ འགྲེམས་སྟོན་ནང་བཅའ་མར་གཏོགས་མི་ཚུ་ སེམས་ཕམ་སྦོམ་བྱུང་ཡོདཔ་ཨིན་པས།
དགེ་སློང་ཚུ་གིས་ དཔེ་ཆ་ཉོ་འབག་པའི་བསྒང་།


དེ་ཡང་ ཨ་རྟག་འབད་བ་ཅིན་ དེ་བཟུམ་གྱི་འགྲེམས་སྟོན་ལས་རིམ་ནང་ལས་ དངུལ་གྱི་འོང་འབབ་ བཟོ་ཚུགས་དོ་ཡོདཔ་ཨིན་རུང་ དུས་ཅི་ ཤར་ཕྱོགས་རྫོང་ཁག་གི་ སློབ་གྲྭ་མང་ཤོས་ཅིག་ནང་ལས་ སློབ་གྲྭའི་དཔེ་མཛོད་ཁང་གི་དོན་ལུ་ དཔེ་དེབ་ཉོ་མི་ ཉུང་སུ་ཅིག་ལས་བརྒལ་ མ་ལྷོདཔ་མ་ཚད་ བཀྲིས་བསྒང་རྫོང་ཁག་ནང་ སློབ་གྲྭ་ཆེ་འབྲིང་ཆུང་༣ ལེ་ཤ་ཡོད་རུང་ དཔེ་དེབ་ཉོ་མི་ སློབ་གྲྭ་༣ ལས་བརྒལ་ མ་འོང་ཟེར་ཨིན་པས།
དུས་ཅིའི་ དཔེ་དེབ་འགྲེམས་སྟོན་ལས་རིམ་སྐབས་ལུ་ བཅའ་མར་གཏོགས་མི་ ཚོང་པ་༢༨ དེ་ཅིག་ཡོདཔ་ད་ ཁོང་གིས་ འགྲེམས་སྟོན་གྱི་སྐབས་ལུ་ དཔེ་དེབ་ཉོ་མི་མེདཔ་ལས་ ཤེས་རིག་ལྷན་ཁག་གི་ རྩ་གཞུང་དང་ ཞིབ་འཚོལ་གོང་འཕེལ་ལས་ཁུངས་ཀྱི་ མདོ་ཆེན་ལུ་ ཡི་གུ་ཅིག་ཡང་བཙུགས་ཡོདཔ་ད་ དེ་ཡང་ ལྷན་ཁག་གི་ཁ་ཐུག་ལས་ དེ་བཟུམ་གྱི་ གོ་སྐབས་གནང་མི་དེ་ལུ་ བཀྲིན་དགའ་ཚོར་ཡོད་རུང་ སློབ་གྲྭ་ཁག་ལེ་ཤ་ཅིག་ནང་ དཔེ་མཛད་ཀྱི་དོན་ལུ་ འཆར་དངུལ་མེད་མི་ལུ་བརྟེན་ཨིནམ་ མ་ཤེས་ཟེར་ཨིན་པས།
འགྲེམས་སྟོན་ལས་རིམ་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༦ ལས་ འགོ་བཙུགས་ཏེ་ ཚེས་༣༠ ཚུན་ འགོ་འདྲེན་འཐབ་ནི་ཨིན་རུང་ ཉིན་གྲངས་༣ པའི་ནང་ལས་ར་ དཔེ་དེབ་ཉོ་མི་ག་ཡང་མེདཔ་ལས་ དཔེ་དེབ་ཚུ་ ལོག་བསྡམ་ནི་ འགོ་བཙུགས་ཡོདཔ་ད་ ཁ་ཙ་ ཉིནམ་མཇུག་གི་སྐབས་ལུ་ དྲོ་པ་ལས་ར་ དཔེ་དེབ་འགྲེམས་སྟོན་པ་ཚུ་ག་ར་ ཡར་སོཔ་ཨིན་པས།
ཁོང་གིས་ ཤེས་རིག་ལྷན་ཁག་ལུ་ ཡིག་གུ་ཅིག་ཕུལ་མིའི་ནང་ སློབ་གྲྭའི་དཔེ་མཛོད་ཁང་ནང་ དཔེ་དེབ་ཉོ་ནིའི་དོན་ལུ་བཞག་མི་ འཆར་དངུལ་ཚུ་ དཔེ་མཛོད་ཀྱི་དོན་ལུ་ཟད་འགྲོ་མ་བཏང་པར་ འཆར་དངུལ་དེ་ ཁ་བསྒྱུར་ཐོག་ལས་ ལག་ལེན་འཐབ་པའི་ ལོ་རྒྱུས་ཚུ་གོ་ཡི་ཟེར་ཨིནམ་ད་ དེ་ཡང་ བཀྲིས་སྒང་རྫོང་ཁག་ གཅིག་གི་འོག་ལུ་ར་ སློབ་གྲྭ་ཁག་༦༠ དེ་ཅིག་ཡོདཔ་ལས་ འགྲེམས་སྟོན་སྐབས་ལུ་ སློབ་གྲྭ་དག་པ་ཅིག་ལས་བརྒལ་མ་འོང་ཟེར་ཨིན་པས།
མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་རུང་ སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས་༥༡ དེ་ཅིག་ཡོདཔ་ལས་ དཔེ་མཛོད་ཀྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་བརྒྱ་ཆ་༤༠ དེ་ཅིག་ལས་བརྒལ་མ་བཏང་པས་ ཟེར་ཨིནམ་ད་ དེ་བཟུམ་གྱི་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ཡང་ ཐིམ་ཕུ་དང་ ཕུན་ཚོགས་གླིང་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ལས་ཨིནམ་ལས་ འོང་འབབ་བཟོ་ནི་ཕར་བཞག་ འགྲེམས་སྟོན་ནང་བཅའ་མར་གཏོགས་ནིའི་དོན་ལུ་ ཟད་འགྲོ་སོང་མི་ཚུ་ཡང་ ལོག་འཐོབ་མ་ཚུགས་ཟེར་ཨིན་པས།

འགྲེམས་སྟོན་པ་ལེ་ཤ་ཡོད་པའི་གྲས་ལས་ ཀེ་ཨེམ་ཊི་ པར་སྐྲུན་ཁང་གི་འགོ་འདྲེན་པ་ ཨྱོན་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཁོ་གིས་ དུས་ཅི་ འགྲེམས་སྟོན་གྱི་དོན་ལུ་ སྣུམ་འཁོར་ཌི་སི་ཨེམ་༢ དང་ ཧེའི་ལགསི་ དེ་ལས་ བཱོ་ལི་རོ་ཚུ་ནང་ དཔེ་དེབ་ ཁག་མ་འདྲཝ་ལེ་ཤ་ཅིག་འབག་འོང་མིའི་གྲས་ལས་ གསུང་རབ་ཀྱི་ ཆོས་འབུམ་དང་ མདོ་དམངས་ཚུ་རྐྱངམ་གཅིག་ བཙོང་ཚུགས་ཅི་ཟེར་ཨིན་པས།
དུས་ཅི་ དཔེ་དེབ་འགྲེམས་སྟོན་ལས་རིམ་དེ་ཡང་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་པའི་ ནོར་བུཛ་ཚོང་ལས་ཁང་གིས་ འགོ་འདྲེན་འཐབ་ཡོདཔ་ད་ འགོ་འདྲེན་པ་གིས་ སླབ་མིའི་ནང་ དཔེ་དེབ་ཉོ་མི་ ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ བཅའ་མར་གཏོགས་མི་ཚོང་པ་ཚུ་ ཉིན་གྲངས་༣ པའི་ནང་ལས་ར་ ཚོང་ཉོ་མི་མེད་པར་ ལུས་སོ་ཡི་ཟེར་ཨིན་པས།
ཁོ་གིས་ཡང་ འགྲེམས་སྟོན་གྱི་སྐབས་ལུ་ དངུལ་ཀྲམ་འབུམ་༧༠ དེ་ཅིག་གནས་པའི་ སློབ་གྲྭ་ཆེ་འབྲིང་ཆུང་༣ ནང་ མཁོ་ཆེ་བའི་ དཔེ་དེབ་སྣ་ཚོགས་ སྣུམ་འཁོར་ཊག་༢ ནང་འབག་འོང་ཡོད་རུང་ དངུལ་ཀྲམ་འབུམ་༢ དེ་ཅིག་ལས་བརྒལ་ བཙོང་མ་ཚུགས་ཟེར་ཨིནམ་ད་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ བརྒྱ་ཆ་༧༠ དེ་ཅིག་ མར་བབས་སོང་ཡི་ ཟེར་ཨིན་པས།
སློབ་གྲྭ་ཁག་ཚུ་ནང་ དཔེ་མཛད་ཉོ་ནིའི་དོན་ལུ་ ཟད་འགྲོ་དེ་ དངུལ་རྩིས་ལྷན་ཁག་ལས་ར་མེདཔ་ཨིན་ན་ ཡང་ཅིན་ དཔེ་མཛོད་ཀྱི་ འཆར་དངུལ་ཚུ་ གཞན་ཁར་ ཁ་བསྒྱུར་བཏང་དོ་ཡོདཔ་འོང་ཟེར་ཨིན་པས།
བཀྲིས་སྒང་རྫོང་ཁག་ཤེས་རིག་ འགོ་དཔོན་ལས་རོགསཔ་ ཤེས་རབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ དུས་ཅི་ རྫོང་ཁག་དེ་ནང་ སློབ་གྲྭ་ཚུ་གིས་ དཔེ་དེབ་འགྲེམས་སྟོན་གྱི་སྐབས་ལུ་ དཔེ་དེབ་ཉོ་བར་མ་ལྷོད་རུང་ སློབ་གྲྭ་ལེ་ཤ་ཅིག་གིས་ ཁོང་རའི་དཔེ་མཛོད་ཁང་ནང་ མཁོ་ཆེ་བའི་ དཔེ་དེབ་ཚུ་ ནང་འདྲེན་འབད་ནུག་ཟེར་ཨིན་པས།
དུས་ཅི་ བཀྲིས་སྒང་རྫོང་ཁག་གི་ སློབ་གྲྭ་ཁག་༦༠ གི་དོན་ལུ་ མ་དངུལ་ དངུལ་ཀྲམ་འབུམ་༢༥ དེ་ཅིག་ཡོཔ་སྦེ་གོ་ཡི་ཟེར་ཨིནམ་ད་ དཔེ་མཛོད་ཀྱི་མ་དངུལ་ དཔེ་འབད་བ་ཅིན་ འགྲུལ་འཐུས་དང་ གནས་སོར་འཐུས་ དེ་ལས་ འཆར་གཞི་ནང་མ་ཚུད་པའི་ ཁག་ཆེ་བའི་ལཱ་ཚུ་གི་དོན་ལུ་ བཏང་ནུག་ཟེར་ཨིན་རུང་ སློབ་གྲྭ་ཚུ་ནང་ཁག་ཆེ་བའི་ དཔེ་དེབ་གསརཔ་ཚུ་ཡང་  ཉོ་བཞིན་དུ་ཡོད་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ནང་ སློབ་གྲྭ་ཚུ་གི་དོན་ལུ་ དཔེ་དེབ་ཚུ་ཉོ་ཡོདཔ་ད་ རྫོང་ཁག་ནང་ སློབ་གྲྭའི་དཔེ་མཛོད་ཀྱི་ དཔེ་དེབ་མཁོ་སྒྲུབ་འབད་ནིའི་དོན་ལུ་ ཟད་འགྲོ་མ་དངུལ་ དངུལ་ཀྲམ་འབུམ་༡༣ དེ་ཅིག་ལས་བརྒལ་མེད་ཟེར་ཨིནམ་ད་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༤༥ ཨིནམ་ལས་ སློབ་གྲྭ་ཁག་ལས་ཕར་ སློབ་ཕྲུག་ཚུ་ལུ་ མཁོ་ཆེ་བའི་དཔེ་དེབ་ཚུ་ཉོ་ཡི་ཟེར་ རྫོང་ཁག་ཤེས་རིག་འགོ་དཔོན་ ཀརྨ་བསོད་ནམས་ཆོས་འཕེལ་གྱིས་ སླབ་ཨིན་པས།
སློབ་དཔོན་ལ་ལུ་ཅིག་གིས་ འབད་བ་ཅིན་ འགྲེམས་སྟོན་ནང་ དཔེ་ཆ་ལེགས་ཤོམ་ག་ཅི་བཟུམ་ཅིག་ཡོད་རུང་ འབྲུག་མི་ཚུ་གིས་  ཉོ་ནི་ལུ་དང་འདོད་མ་བསྐྱེད་མི་དེ་ཡང་ འབྲུག་མི་ཚུ་གིས་ ཕྱི་མི་བཟུམ་སྦེ་ དཔེ་དེབ་ལྷག་ནི་ལུ་ སྤྲོ་བ་མེད་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།

རྒྱལ་ཡོངས་དཔེ་དེབ་འགྲེམས་སྟོན་དེ་ འཕྲལ་མགྱོགས་ར་ དབང་འདུས་རྫོང་ཁག་ བ་འཇོ་ཁྲོམ་ཁར་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ད་ལྟོ་བཟུམ་ གྱི་གནས་སྟངས་ལུ་ མི་ཐུབ་འོང་མནོ་བའི་རེ་བ་བསྐྱེད་མི་དེ་ཡང་ དབུས་ཕྱོགས་དང་ ནུབ་ཕྱོགས་ ལྷོ་ཕྱོགས་རྫོང་ཁག་ཚུ་དོན་ལུ་ འགོ་འདྲེན་འཐབ་ནི་དེ་གིས་ཨིན་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment