གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགོ་ཐོག་བཙག་འཐུ་ག་དེ་སྦེ་ འབད་ནི་ཨིན་ན?

༠༣/༠༥/༢༠༡༣  ཚོགས་རྒྱན་འདི་ འདེམས་ཁོངས་ཚུ་ལུ་མིན་པར་ རྒྱལ་ཁབ་ནང་འཁོད་ལུ་ སྲིད་ཚོགས་ཀྱི་ ལས་རྟགས་ཚུ་ལུ་བཙུགས་མི་ རྒྱན་གྲངས་བསྡོམས་ལུ་ གཞི་བཞག་ནི།

༉ གལ་སྲིད་ སྲིད་དོན་ཚོགས་པ་ཅིག་གིས་ རྒྱལ་ཁབ་ནང་གི་ འདེམས་ཁོངས་མང་ཤོས་ཅིག་ལས་ རྒྱལ་ཁ་ཐོབ་སྟེ་འབད་རུང་ ཚོགས་རྒྱན་གྱངས་ཁ་དེ་ དོ་འགྲན་འབད་མི་ སྲིད་ཚོགས་གཉིས་ལས་ ཉུང་སོ་པ་ཅིན་ སྤྱིར་བཏང་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་མི་འཐོབ་ནི་ཨིན་པས།



དེ་ཡང་ སྤྱི་ཟླ་༥ པའི་ཚེས་༣༡ དེ་ ཚོགས་རྒྱན་གྱི་ཉིནམ་སྦེ་ གསལ་བསྒྲགས་འབདཝ་བཞིན་དུ་ ཉིནམ་དེ་ནང་ འབྲུག་གིས་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཚུ་ བཙག་འཐུ་འབད་ནིའི་དོན་ལུ་ འགོ་ཐོག་བཙག་འཐུ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཚོགས་རྒྱན་གྱི་ གྱངས་ཁ་མཐོ་ཤོས་ཐོབ་མི་ སྲིད་ཚོགས་༢ བཙག་འཐུ་འགྲུབ་ཞིནམ་ལས་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ནི་ཨིན་པས།
ཧེ་མའི་ དྲི་བ་དྲིས་ལན་ཅིག་ནང་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤད་མིའི་ནང་ འབྲུག་གི་དམངས་གཙོ་འདི་ སྣ་མང་སྲིད་ཚོགས་ཀྱི་ ལམ་ལུགས་ཅིག་ཨིན་རུང་ མཐའན་མཇུག་ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ སྲིད་ཚོགས་གཉིས་རྐྱངམ་གཅིག་ བཙག་འཐུ་འགྲུབ་ཨིན་ཟེར་ཨིན་པས།
དེ་འབདཝ་ད་ འགོ་ཐོག་བཙག་འཐུའི་ནང་ སྲིད་ཚོགས་གཞན་ཚུ་ ག་དེ་སྦེ་ ཕམ་གཏང་ནི་ཨིན་ན་ཟེར་ དྲི་བའི་ལན་ལུ་ ལྷན་འཛིན་སྤྱི་ཁྱབ་ཀྱིས་འབད་བ་ཅིན་ མི་སེར་ཚུ་ལུ་ ཚོགས་རྒྱན་བཙུགས་བཅུག་ཐོག་ལས་ རྒྱལ་ཁབ་ནང་གི་ འདེམས་ཁོངས་༤༧ ཆ་མཉམ་གྱི་ ཚོགས་རྒྱན་ཚུ་ གྱངས་ཁ་རྐྱབ་ཞིནམ་ལས་ རྒྱན་གྲངས་མཐོ་ཤོས་དང་པ་དང་ གཉིས་པ་ཐོན་མི་ སྲིད་ཚོགས་༢ བཙག་འཐུ་འགྲུབ་ནི་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ ཐོ་བཀོད་གྲུབ་པའི་ སྲིད་དོན་ཚོགས་པ་༢ ལས་བརྒལ་མེདཔ་ལས་ འགོ་ཐོག་བཙག་འཐུ་འབད་མ་དགོ་པར་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་ཞིནམ་ལས་ ཐད་ཀར་དུ་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ད་རིས་ཡང་ མ་གཞི་ ཐོ་བཀོད་གྲུབ་པའི་ སྲིད་ཚོགས་༥ ཡོད་རུང་ དང་པ་ར་ བཙག་འཐུ་ལྷན་ཚོགས་ལུ་ དོ་འགྲན་གྱི་ ཁས་ལེན་ཡི་གུ་བཙུགས་དགོཔ་བཞིན་དུ་ ལྷན་ཚོགས་ཀྱིས་ དབྱེ་ཞིབ་འབད་ནི་ཨིནམ་ད་ དོ་འགྲན་ཁས་ལེན་ཡི་གུ་ཚུ་ སྤྱི་ཟླ་༥ པའི་ཚེས་༥ ནང་འཁོད་ལུ་ བཙུགས་དགོཔ་ཨིན་པས།
འགོ་ཐོག་བཙག་འཐུ་ལས་ མཐར་འཁྱོལ་འབྱུང་ཚུགསཔ་ ངེས་བརྟན་བཟོ་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ལས་ གནང་བ་གྲུབ་མི་ སྲིད་དོན་ཚོགས་པ་ཚུ་གིས་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་མངམ་ཡོད་སའི་ འདེམས་ཁོངས་ཚུ་ནང་ ཚོགས་རྒྱན་བཙུགས་མི་ཚུ་ལས་ རྒྱབ་སྐྱོར་འཚོལ་བར་ འགྱོ་སྲིད་ནི་ཨིན་པས།
རྫོང་ཁག་རེ་རེ་བཞིན་དུའི་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་འཁྲིལ་བ་ཅིན་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་མཐོ་ཤོས་ར་ བསམ་རྩེ་ལུ་༤༡,༧༥༧ དང་ དེ་གི་ཤུལ་ལས་ར་ བཀྲིས་སྒང་རྫོང་ཁག་ནང་ ཚོགས་རྒྱན་སྐྱུར་མི་༤༡,༤༢༩ ཡོདཔ་ཨིན་པས།
དེ་ལས་ མོང་སྒར་ལུ་ ཚོགས་རྒྱན་སྐྱུར་མི་༣༠,༣༨༥ ཡོདཔ་བཞིན་དུ་ དེ་གི་ཤུལ་ལས་ གསར་སྤང་དང་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་ཚུ་ཨིནམ་ད་ མགར་ས་རྫོང་ཁག་ནང་ ཚོགས་རྒྱན་སྐྱུར་མི་༡,༨༤༠ ཡོད་མི་དེ་ རྫོང་ཁག་ཚུ་གི་གྲས་ལས་ དམའ་ཤོས་ཅིན་ཨིན་པས།
འགོ་ཐོག་བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ འདེམས་ངོ་ཚུ་ལུ་མེན་པར་ ཚོགས་པའི་ལས་རྟགས་ཚུ་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་པས།
དེ་འབདཝ་ལས་ འགོ་ཐོག་བཙག་འཐུའི་དོན་ལུ་ བསྐུལ་བསྒྲགས་དེ་ སྲིད་ཚོགས་ཀྱི་ ཁས་བླངས་དང་ འཆར་སྣར་ དམིགས་འཆར་ཚུ་ལུ་ གཞི་བཞག་སྟེ་འབད་ནི་ཨིན་པའི་གནས་ཚུལ།


No comments:

Post a Comment