གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༤/༥/༢༠༡༣   ཚོགས་རྒྱན་གྱི་ ངོས་འཛིན་འདྲ་པར་ཡོད་རུང་ བཙག་འཐུའི་ཐོ་ཡིག་ནང་ མིང་མེད་པའི་གནད་དོན?
༉ དམངས་གཙོའི་རིང་ལུགས་ནང་ ཚོགས་རྒྱན་བཙུགས་ནི་དེ་ ཁྱད་ཚད་ལྡན་པའི་ འབྲུག་མི་རེ་རེ་བཞིན་དུའི་ འགན་ཁུར་རྩ་ཅན་ཅིག་ཨིནམ་ལས་ ཐོབ་དབང་འདི་ ཆུད་ཟོས་བཏང་མི་བཅུག་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་གི་ གོ་བརྡའི་ཤེས་ཡོན་ལས་རིམ་ཚུ་ འགོ་འདྲེན་འཐབ་མ་ཚད་ ལྷག་པར་དུ་ བརྡ་བརྒྱུད་ཚུ་ནང་ ཡང་བསྐྱར་དུ་ དྲན་ཚོར་འབད་བའི་ མངོན་གསལ་བྱུངམ་ཨིན་མས།


མི་དབང་མངའ་ཞབས་མཆོག་གིས་འབད་རུང་ དུས་སྟོན་བརྩི་སྲུང་ཚུ་གི་སྐབས་ལུ་ གསུང་བཤད་གནངམ་ད་ གནད་དོན་གཅིག་ ང་བཅས་ར་ འབྲུག་མི་ཆ་མཉམ་གྱིས་ རྒྱལ་ཁབ་དང་ མི་སེར་ཚུ་གི་ མཐའ་དོན་འགྲུབ་ཚུགས་མི་ ལྕོགས་གྲུབ་ཅན་གྱི་འགོ་ཁྲིད་ཚུ་ བཙག་འཐུ་འབད་ནིའི་དོན་ལས་ ཚོགས་རྒྱན་གྱི་ཉིནམ་ལུ་ དུས་ཚོད་འཕྲོ་བརླག་མ་བཏང་པར་ ཚོགས་རྒྱན་བཙུགས་པར་ ངེས་པར་དུ་ འོང་དགོ་པའི་ བཀའ་སློབ་གནང་སར་མཇལ་ཡི།
མི་དབང་མཆོག་གིས་ ང་བཅས་ར་ འབྲུག་མི་ཚུ་གི་མཐའ་དོན་ལུ་ ཐུགས་ཀྱི་ཚ་གྱང་སྦོམ་བཞེས་ཏེ་ འདི་བཟུམ་མའི་ རྒྱལ་ཡོངས་ལུ་ ཚོགས་རྒྱན་བཙུགས་དགོ་པའི་ བཀའ་སློབ་བཟང་པོ་གནངམ་ད་ འབྲུག་མི་དྲག་ཞན་ཆེ་ཆུང་མེདཔ་ཆ་མཉམ་གྱིས་ སྣང་མེད་རྒྱབ་སྐྱུར་མ་བཞག་པར་ རང་གི་སེམས་ཀྱི་གདིང་ལས་ར་ རང་མོས་རྣམ་དག་ཐོག་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་དེ་ལུ་ ཚོགས་རྒྱན་བཙུགས་པར་ འགྱོ་དགོཔ་དེ་ ཤིན་ཏུ་ནས་ གལ་ཆེཝ་སྦེ་ར་ མཐོངམ་ཨིན་མས།
དེ་དང་བསྟུན་ བཙག་འཐུ་དང་འབྲེལ་བའི་ ཕྱག་ལཱ་གནང་མི་ འགོ་དཔོན་ཚུ་གིས་འབད་རུང་ འོས་འབབ་ལྡན་པའི་ཚོགས་རྒྱན་བཙུགས་མི་ཚུ་ མགུ་འཐོམ་མ་བཅུག་པར་ ཚོགས་རྒྱན་གྱི་ལམ་ལུགས་ཚུ་ བྱ་ཁྱེར་བདེ་བའི་ཐོག་ལས་ བཟོ་གནང་དགོཔ་འདུག།
འཕྲལ་ཁམས་འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ རྫོང་ཁག་ལ་ལུ་ཅིག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཚུ་ ས་ཐག་རིང་ས་ལས་ ཟད་འགྲོ་སྦོམ་བཏང་སྟེ་ ཚོགས་རྒྱན་གྱི་ཉིནམ་ལུ་ རང་སོའི་ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་ སོང་ཡོད་རུང་ ཚོགས་རྒྱན་བཙུགས་མ་ཚུགས་པར་ བློ་ཕམ་བྱུང་སྟེ་ ལོག་དགོཔ་ཐོན་ནུག།
གཡུས་ཁའི་མི་ལ་ལུ་ཅིག་ ཁོང་རའི་ལག་པར་ ཚོགས་རྒྱན་གྱི་ ངོས་འཛིན་འདྲ་པར་ འབག་སྟེ་ཡོད་རུང་ ན་འཐན་ར་ ཚོགས་རྒྱན་བཙུགས་རནམ་ད་ ངོས་ལེན་འགོ་དཔོན་ཚུ་གིས་ ཁོང་གི་མིང་གསལ་ཚུ་ བཙག་འཐུའི་ཐོ་ཡིག་ནང་ གསལ་བཀོད་འབད་དེ་ མིན་འདུག་ཟེར་སླབ་སྟེ་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་མ་བྱིན་པར་བཞག་ནུག།
འབྲི་ལྷག་མ་ཤེས་པའི་ གཡུས་ཁའི་མི་ཚུ་ལུ་ འདི་བཟུམ་མའི་ མགུ་འཐོམ་བྱུང་བཅུག་མི་དང་ བློ་ཕམ་བྱུང་བཅུག་མི་དེ་ ཚོགས་རྒྱན་བཙུགས་མི་ཚུ་གི་ འཛོལ་བ་ཨིན་ན་ ཡང་ཅིན་ བཙག་འཐུ་དང་འབྲེལ་བའི་ ལཱ་འབད་མི་ཚུ་གི་ འཐུས་ཤོར་ཨིན་ན?
འདི་བཟུམ་མའི་ གནས་སྟངས་ཚུ་ ད་རུང་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་དང་ ཡོངས་ཁྱབ་བཙག་འཐུའི་སྐབས་ལུ་ཡང་ འབྱུང་མི་བཅུག་ནིའི་དོན་ལས་ ད་ལྟོ་ལས་ར་ དབྱེ་དཔྱད་མཐིལ་ཕྱིན་འབད་དགོཔ་འདུག་ཟེར་མནོཝ་མས།
ཚོགས་རྒྱན་གྱི་ ངོས་འཛིན་འདྲ་པར་ཐོབ་རུང་ བཙག་འཐུའི་ཐོ་ཡིག་ནང་ མིང་མེད་པའི་གནད་དོན་དེ་ འདས་པའི་ལོ་ལྔའི་ཧེ་མར་ སྤྱི་ཚོགས་དང་པའི་ ཚོགས་རྒྱན་བཙུགས་པའི་སྐབས་ལུ་ཡང་ བྱུང་ཡོད་པའི་ལོ་རྒྱུས་ཚུ་འདུག།
དེ་འབདཝ་ལས་ དམངས་གཙོའི་རིང་ལུགས་ནང་ ཁྱད་ཚད་ལྡན་པའི་ འབྲུག་མི་དྲག་ཞན་ཆེ་ཆུང་མེདཔ་ ཆ་མཉམ་གྱིས་ རྐྱེན་དང་བར་ཆད་ཚུ་མེད་པར་ ཚོགས་རྒྱན་བཙུགས་ཚུགས་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཚོགས་རྒྱན་གྱི་བྱ་རིམ་ཚུ་ བྱ་སྟབས་བདེ་ཏོག་ཏོ་སྦེ་ བཟོ་གནང་པ་ཅིན་ ལེགས་ཆ་འོང་ནི་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment