གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟོ་སྐྲུན་བསྐྱིན་འགྲུལ་ བཀག་འཛིན་འབད་མི་ལུ་བརྟེན་ བཟོ་སྐྲུན་མར་བབས་སོང་ཡོདཔ།

༤/༥/༢༠༡༣   བཟོ་སྐྲུན་གྱི་རྒྱུ་ཆས་ཚུ་ མཁོ་མངགས་འབད་མི་ ཉུངམ་ལས་བརྟེན་ མཛོད་ཁང་ཚུ་ནང་ དེ་སྦེ་ར་ ལུས་དོ་ཡོདཔ་ཨིན་པས།
༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ བཟོ་སྐྲུན་གྱི་རྒྱུ་ཆས་ཚུ་ ལངམ་སྦེ་ཡོད་མི་ལུ་ལྟཝ་ད་ ཏི་རུ་ཡོད་པ་ཅིན་ སྒྲིང་ཁྱིམ་བཟོ་སྐྲུན་འབད་ནི་གི་ དུས་ཚོད་ལེགས་ཤོམ་ཅིག་ཨིན་པས།
རཱམ་ཏོག་ཏོ་གི་ ཤིང་མཛོད་ས་ཁོངས་ནང་ འཐོབ་ཆོག་ཆེ་སྦེ་ཡོད་པའི་ ཤིང་ཆས་ཚུ།


ལོ་༢ དེ་ཅིག་གི་ ཧེ་མ་འབད་བ་ཅིན་ བཟོ་སྐྲུན་གྱི་ལཱ་ཚུ་ ཐོགས་ལུས་དགོ་མི་དེ་ཡང་ བཟོ་སྐྲུན་གྱི་རྒྱུ་ཆས་ བྱེམ་དང་རྡོ་ དེ་ལས་ ཤིང་ཆས་ཚུ་ ཐོབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ རྒྱུ་ཆས་དེ་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་དོ་ཡོདཔ་ཨིན་པས།
རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་ཀྱིས་ མོང་སྒར་རྒྱལ་པོའི་ཞིང་གི་ སྤྲིང་ཟམ་ཁར་ བྱེམ་གསོག་འཇོག་འབད་ཡོད་པའི་སྐོར་ལས་ གསལ་བསྒྲགས་འབད་ཡོདཔ་མ་ཚད་ ཤིང་ཆས་ཚུ་ ཧེ་མ་འབད་བ་ཅིན་ ཤིང་བཟོ་ཁང་དང་ དྲ་ཁང་ཚུ་ནང་ བཙོངམ་ཨིན་རུང་ ཤུལ་ལས་ ངོ་རྐྱང་ལུ་ཡང་ བཙོང་ཡོདཔ་ཨིན་པས།
རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་ཀྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ བཟོ་སྐྲུན་གྱི་ རྒྱུ་ཆས་ཚུ་ བཙོང་མ་ཚུགས་པར་ ལུས་དགོ་མི་དེ་ཡང་ རྒྱལ་ཁབ་ནང་ ཁྱིམ་བཟོའི་བསྐྱིན་འགྲུལ་མ་བྱིན་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
ན་ཧིང་ལས་ དངུལ་འབྲེལ་ལས་ཁང་ཚུ་གིས་ ཁྱིམ་བཟོའི་བསྐྱིན་འགྲུལ་ བཀག་འཛིན་འབད་མི་ལུ་བརྟེན་ བཟོ་སྐྲུན་ཚུ་ མར་བབས་སོང་ཡི་ཟེར་ཨིན་པས།
རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་ཀྱི་ མདོ་ཆེན་ངོ་ཚབ་ ནཱ་ར་ཡན་ པར་དཱན་གྱིས་ བཤད་མི་དང་འཁྲིལཝ་ད་ ད་ལྟོའི་ གནས་སྟངས་ནང་ མི་སེར་གྱི་ མཁོ་མངགས་འབད་མི་དང་ཕྱདཔ་ད་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་ཀྱིས་ མཁོ་སྒྲུབ་འབད་བཞག་མི་དེ་ མང་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་དེ་ རང་བཞིན་ཉམས་སྲུང་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ལས་ ལོ་གཅིག་ནང་ ཚད་དང་འཁྲིལ་མ་གཏོགས་ ཁྲོམ་ཁའི་ མཁོ་མངགས་དང་འཁྲིལ་ཏེ་ ཐོན་སྐྱེད་ཡར་སེང་འབད་ནི་མེད་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༡༡ པ་ལས་ དུས་ཅི་ སྤྱི་ཟླ་༡ པ་ཚུན་ མཁོ་མངགས་འབད་མི་ལས་ ཐོན་སྐྱེད་མང་སོ་ནི་དེ་གིས་ ཐིམ་ཕུ་ རཱམ་ཏོག་ཏོ་ ཤིས་ཆས་བཞག་སའི་ ས་ཁོངས་ནང་ ཤིས་ཆས་སི་ཨེཕ་ཊི་༦,༠༠༠ ལུས་ཡོདཔ་མ་ཚད་ མོང་སྒར་ སྤྲིང་ཟམ་ཁར་ རྡོ་རུས་ ཊག་༤༠༠ དེ་ཅིག་ ལུས་ཡོདཔ་ཨིན་པས།
ཨིན་རུང་ ཤུལ་ལས་ ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་དང་ གྲོས་བསྟུན་འབད་བའི་ཤུལ་ལུ་ གནས་སྐབས་ཅིག་གི་དོན་ལུ་ ཤིས་ཆས་ཚུ་ ངོ་རྐྱང་སྦེ་ ཉོ་བར་འོང་མི་ཚུ་ལུ་ཡང་ བཙོང་ཡི་ཟེར་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་ཀྱི་ དངུལ་རྩིས་ཀྱི་ ཡོངས་ཁྱབ་འཛིན་སྐྱོང་པ་གིས་ བཤདཔ་ཨིན་པས།
ཨ་རྟག་འབད་བ་ཅིན་ ལས་འཛིན་གྱིས་ ཤིས་ཆས་ཚུ་ ཤིང་དྲ་ཁང་དང་ ཤིང་བཟོ་ཁང་ཚུ་ལུ་ བཙོང་ཞིནམ་ལས་ མི་སེར་ཚུ་གིས་ ཁོང་ལས་ ཉོ་དགོཔ་ཨིན་རུང་ ཤིང་དྲ་ཁང་གི་ ཇོ་བདག་ཚུ་ཡང་ ཏི་རུ་ལངམ་སྦེ་ མེདཔ་ལས་བརྟེན་ ཉོ་མི་ཚུགས་པས་ཟེར་ཨིན་པས།
ཐིམ་ཕུ་ལུ་ ཁྱིམ་བཟོ་སྐྲུན་འབད་མི་ ཇོ་བདག་དབང་ཕྱུག་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ ཤིས་ཆས་ཚུ་ ཤིང་དྲ་ཁང་ཚུ་ལས་ ཉོ་མི་དང་ཕྱདཔ་ད་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་ལས་ ཐད་ཀར་དུ་ ཉོ་མི་དེ་ ཁེ་དོ་ཡོདཔ་ཨིན་རུང་ ད་ལྟོ་ དངུལ་ཁང་ཚུ་ལས་ བསྐྱིན་འགྲུལ་མ་ཐོབ་མི་དེ་གིས་ འབད་ཐབས་ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
ཐིམ་ཕུ་ ཁྲོམ་སྡེ་ལས་འཛིན་ནང་ བཟོ་སྐྲུན་གྱི་ ཐོ་བཀོད་འབད་ཡོད་མི་དང་འཁྲིལཝ་ད་ ཐིམ་ཕུ་ལུ་ ལོ་ངོ་༣ གི་ནང་འཁོད་ལུ་ བཟོ་སྐྲུན་གྱི་གྱངས་ཁ་ མར་བབས་སོང་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ སྒྲིང་ཁྱིམ་བཟོ་སྐྲུན་འབད་ནིའི་ ཞུ་ཡིག་༣༢༩ ལྷོད་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༢ ལུ་༡༧༢ ལུ་ མར་བབས་སོང་ཡོདཔ་ད་ དུས་ཅི་ ཟླཝ་༤ གི་ནང་འཁོད་ལུ་ བཟོ་སྐྲུན་འབད་ནི་གི་ ཞུ་ཡིག་༡༨ རྐྱངམ་གཅིག་ ལྷོད་ཡོདཔ་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཟོ་སྐྲུན་གྱི་ལཱ་ཚུ་ མར་བབས་འགྱོ་མི་དེ་གིས་ ཁོང་གི་ ལཱ་དེ་ཡང་ དུམ་གྲ་ཅིག་ ཉུང་སུ་སོང་ཡི་ཟེར་ཨིན་པས།
ཐིམ་ཕུ་ལུ་སྡོད་མི་ མང་ཤོས་ཅིག་གིས་སླབ་མིའི་ནང་ བཟོ་སྐྲུན་གྱི་ལཱ་ མར་བབས་འགྱོ་མི་ལུ་བརྟེན་ ཤིས་ཆས་ནག་ཚོང་འཐབ་མིའི་ གྱངས་ཁ་དེ་ཡང་ མར་བབས་སོང་ནུག་ཟེར་ཨིན་པས།
རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁོང་ལས་ བཟོ་སྐྲུན་གྱི་ རྒྱུ་ཆས་ཚུ་ལངམ་སྦེ་ཐོབ་མ་ཚུགས་པའི་སྐབས་ བཟོ་སྐྲུན་འབད་མི་ཚུ་གིས་ ནག་ཚོང་འཐབ་མི་ཚུ་ལས་ ཉོཝ་མས་ཟེར་ཨིན་པས།
དེ་འབདཝ་ད་ ད་ལྟོ་ ལས་འཛིན་གྱི་ ཤིས་ཆས་ཚུ་ གོང་ཚད་རན་ཏོག་ཏོ་སྦེ་ བྱིན་མི་ལུ་བརྟེན་ མི་སེར་ཚུ་གིས་ ཁོང་ལས་ ཉོཝ་མས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
གལ་སྲིད་ ཤིང་ཆས་ནག་ཚོང་འཐབ་མི་ཚུ་ལས་ ཉོ་བ་ཅིན་ ཉེན་ཁ་ཡོད་ཟེར་ ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment