གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྐྱང་ཕྱག་འབུམ་༣༠ འཚལ་ནིའི་ཁས་བླངས།

༤/༥/༢༠༡༣   ༉ སྐྱེས་ལོ་༣༠ ལང་མི་ ཡེ་ཤེས་དབང་ཕྱུག་གིས་ སྤྱི་ལོ་༢༠༠༨ ལས་ སྣུམ་འཁོར་ལམ་བདའ་སྟེ་ བརྐྱང་ཕྱག་འཚལ་ནི་འགོ་བཙུགས་མི་དེ་གིས་ ད་ལྟོ་ སྤུ་ན་ཁ་དང་ མགར་སའི་ གཞུང་ལམ་བདའ་སྟེ་ བརྐྱང་ཕྱག་འཚལ་དོ་ཡོདཔ་ད་ ཁོ་གིས་ ད་ཚུན་གྱི་བར་ན་ རྫོང་ཁག་༩ ནང་ བརྐྱང་ཕྱག་འཚལ་ཐོག་ལས་ ལྷོད་ཡོདཔ་ཨིན་པས།
ཡེ་ཤེས་དབང་ཕྱུག་གིས་ བརྐྱང་ཕྱག་འཚལ་ཏེ་ འགྱོ་བའི་བསྒང་།


ཁོ་གིས་ བརྐྱང་ཕྱག་འབུམ་༣༠ འཚལ་ནིའི་ ཁས་བླངས་འབད་མི་ལས་ ད་ཚུན་ འབུམ་༢༣ ལྷགཔ་ཅིག་ ཐོབ་ཡོདཔ་ད་ ལྷག་ལུས་དེ་ཡང་ ད་ལས་ཕར་ ལོ་༢ དང་༣ གྱི་ནང་འཁོད་ལུ་ འཚལ་ཚར་བའི་རེ་བ་ བསྐྱེད་དོ་ཡོདཔ་ཨིན་པས།
ཡེ་ཤེས་དབང་ཕྱུག་གིས་ ལམ་བདའ་སྟེ་ བརྐྱང་ཕྱག་འཚལ་ནི་དེ་ གནམ་ལོ་༢༠༠༨ རང་ཟླ་༩ པའི་ཚེས་༢༧ ལས་ སྤ་རོ་ བྲག་དཀར་པོའི་གནས་ལས་སྦེ་ འགོ་བཙུགས་མི་གིས་ ཐིམ་ཕུ་བརྒྱུད་དེ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ འགྱོ་བའི་ཤུལ་ལུ་ ད་རུང་ ལོག་རྫོང་ཁག་ཚུ་བརྒྱུད་དེ་ འོང་མི་གིས་ ད་ལྟོ་མགར་ས་ལུ་ ལྷོད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ བརྐྱང་ཕྱག་འཚལ་བའི་ཞོར་ཁ་ ཤར་ཕྱོགས་ཁ་ཐུག་ལུ་ཡོད་པའི་ གནས་རྩ་ཅན་ ཀུར་སྟོད་སེང་གེ་རྫོང་དང་ བཀྲིས་གཡང་རྩེའི་ སྒོམ་ཕུག་སྐོར་ར་ དེ་ལས་ དབུས་ཕྱོགས་ཀྱི་བུམ་ཐང་ བྱམས་པ་ལྷ་ཁང་དང་ དཀོན་མཆོག་༣ ལྷ་ཁང་ དེ་ལས་ ནུབ་ཕྱོགས་རྫོང་ཁག་གི་ དབང་འདུས་ཕོ་བྲང་ སྦས་གླང་བྲག་དང་ སྤ་རོ་སྟག་ཚང་ དེ་ལས་ ཐིམ་ཕུ་རྟ་མགོ་དང་ ལྕགས་རི་གི་གནས་ཚུ་ མཇལ་ཡི་ཟེར་ཨིན་པས།
མོང་སྒར་ སྤོང་ཆི་ལ་དགོན་པ་ལས་ཨིན་མི་ ཡེ་ཤེས་དབང་ཕྱུག་གིས་ ལམ་བདའ་སྟེ་བརྐྱང་ཕྱག་འཚལ་ནི་ འགོ་མ་བཙུགས་པའི་ཧེ་མར་ བྲག་དཀར་པོ་ལུ་ ལོ་གསུམ་ཕྱོགས་གསུམ་གྱི་མཚམས་བཅད་ཡོདཔ་ད་ ཁོ་གིས་སླབ་མིའི་ནང་ བརྐྱང་ཕྱག་འགོ་བཙུགས་མི་དེ་ ལོག་མཚམས་བཅད་ནི་སྦེ་ མནོ་བསམ་བཏང་བའི་སྐབས་ བཟའ་འཐུང་གི་དཀའ་ངལ་འཐོན་ནི་དེ་གིས་ ཨིན་ཟེར་ཨིནམ་ད་ ཁོ་ལུ་ འཚོ་བའི་མཐུན་རྐྱེན་གྱི་རྒྱབ་སྐྱོར་འབད་མི་ ཕམ་དང་ སྤུན་ཆ་ཚུ་ མེདཔ་ཨིན་པས།
ལོ་༡༠ དེ་ཅིག་གི་ཧེ་མར་ ཁོ་རའི་ཕམ་༢ ཆ་རང་ ཚེ་ལས་འདས་པའི་མཐའ་མར་ ནུ་གཅུང་ཅིག་ཡོད་མི་དེ་ཡང་ ཤི་སོཔ་ལས་ བློ་སེམས་ཆོས་ལུ་གྱུར་ཏེ་ འཇིག་རྟེན་པའི་བྱ་བ་སྤང་ཡི་ཟེར་ཨིན་པས།
དེ་ལས་ ཁོ་རང་ གཡུས་ཁ་ལུ་སྒོམ་ཆེན་སྦེ་སྡོད་པའི་སྐབས་ སྤོ་ལས་ཨིན་མི་བླམ་ཅིག་དང་ཕྱེད་དེ་ བླམ་དང་གཅིག་ཁར་ བྲག་དཀར་པོ་ལུ་འོང་སྟེ་ སྔོན་འགྲོ་དང་མཚམས་རིམ་ཚུ་འགོ་བཙུགས་ཡི་ཟེར་ཨིནམ་ད་ ལོ་གསུམ་གྲོལ་བའི་ཤུལ་ལས་ ཞིང་གཤེགས་དམ་པ་ སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་ འབྲུག་ལུ་བྱོན་པའི་སྐབས་ རིན་པོ་ཆེའི་སྐུ་མདུན་ལས་ ལམ་བདའ་བརྐྱང་ཕྱག་འཚལ་ནིའི་བསམ་འཆར་ཞུ་མི་ལུ་ བཀའ་གྲུབ་ནི་དེ་གིས་ ཕྱག་འཚལ་ནི་འགོ་བཙུགས་ཡི་ཟེར་ཨིན་པས།
ཁོ་གིས་ བརྐྱང་ཕྱག་འཚལ་བའི་སྐབས་ གཡུས་མི་དང་ འགྲུལ་པ་ཚུ་གིས་ བཟའ་འཐུང་གི་རིགས་དང་ མ་དངུལ་དུམ་གྲ་རེ་ བྱིན་མི་དེ་གིས་ ཕན་ཐོགས་བྱུངམ་མས་ཟེར་ཨིན་པས།
ཡེ་ཤེས་དབང་ཕྱུག་གིས་ ཆརཔ་རྐྱབ་རུང་ ཉིམ་ཤར་རུང་ སྣང་དག་ག་ནི་ཡང་མེད་པར་ ཕྱག་འཚལ་འགྱོ་དོ་ཡོདཔ་མ་ཚད་ ལམ་ལེགས་ཤོམ་མེད་པའི་ ས་དང་རྡོ་རག་རོག་ཚུ་ནང་ལས་ཕར་ཡང་ ལག་སྟོངམ་སྦེ་རང་ ཕྱག་འཚལ་ཚུགས་མི་དེ་ སྦྱང་བ་ཚུད་ནི་དེ་གིས་ ན་ཟུག་རྐྱབ་ནི་ མིན་འདུག་ཟེར་ཨིན་པས།
ཡེ་ཤེས་དབང་ཕྱུག་གིས་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ལས་ལོང་སྟེ་ དྲོ་མཛར་ཡང་ མ་བཟའ་བར་ བརྐྱང་ཕྱག་འཚལ་མི་དེ་གིས་ ཉིནམ་རེ་ལུ་ ཀི་ལོ་མི་ཊར་༤ དེ་རེ་ ཁྱབ་ཚུགས་དོ་ཡོདཔ་ད་ ཀི་ལོ་མི་ཊར་༡ ལུ་ ཕྱག་གྲངས་༣༧༡ དེ་རེ་ ཐོབ་མི་གིས་ ཉིནམ་རེ་ལུ་ ཕྱག་༡,༤༠༠ ལྷགཔ་ཅིག་ ཐོབ་ཚུགས་པས་ཟེར་ཨིན་པས།
དེ་ལས་ ཕྱི་རུའི་ཆུ་ཚོད་༨ དང་༩ དེ་ཅིག་ལུ་ བརྐྱང་ཕྱག་འཚལ་ནི་མཇུག་བསྡུ་སྦེ་ གསོལ་ཁ་དང་ ཁ་ཐུན་གྱི་རིམ་པ་ཚུ་ བཏང་ཚར་བའི་སྐབས་ ཆུ་ཚོད་༡༠ དེ་ཅིག་ལང་དོ་ཡོདཔ་མ་ཚད་ ཁོ་གིས་ ཆུ་ཚོད་༡༠ གྱི་ཤུལ་ལས་ ཉལ་དོ་ཟེར་ཨིནམ་ད་ ཉལ་ས་ཡང་ གུར་ཅིག་ལས་བརྒལ་མེདཔ་ལས་ གདན་དང་ཉལ་ཆའི་རིགས་ ལེགས་ཤོམ་མེད་རུང་ ཉལ་ནི་ལུ་དཀའ་ངལ་མེད་ཟེར་ཨིན་པས།
ཁོ་ལུ་ཆ་རོགས་འབད་མི་ སྐྱེས་ལོ་༡༩ ལང་མི་བུཚ་དེ་ ཡེ་ཤེས་དབང་ཕྱུ་གི་ ཧེ་མ་སོང་སྟེ་ ལམ་ཁར་སྒར་བཅགས་ཏེ་ ལྟོ་ཚུ་བཟོ་དོ་ཡོདཔ་ ཆ་རོགས་མེད་པ་ཅིན་ ཕྱག་ལེགས་ཤོམ་སྦེ་ཐོབ་མི་ཚུགས་ནི་ཨིནམ་ལས་ ཁོ་ལུ་བཀྲིན་བསམ་དོ་ཡོདཔ་ཨིན་པས།
ཆ་རོགས་འབད་མི་ སངས་རྒྱས་ནོར་བུ་དེ་ བཀྲིས་གཡང་རྩེ་ མཆོད་རྟེན་སྐོར་ར་ལས་ཨིནམ་ད་ ཁོ་ལུ་ཆ་རོགས་འབད་དགོ་པའི་སྐོར་ལས་ ཁོ་གི་ཨ་པ་གིས་ ཁས་བླངས་འབད་ནི་དེ་གིས་ ད་ལྟོ་བར་ན་ཡང་ ཡེ་ཤེས་དབང་ཕྱུག་དང་གཅིག་ཁར་ཡོདཔ་ལས་ ཁོ་གིས་ བརྐྱང་ཕྱག་འཚལ་བའི་བསྔོ་བ་དང་ ཁོང་༢ ཀྱིས་གཙོས་པའི་ འགྲོ་བ་རིགས་༦ གི་སེམས་ཅན་ཐམས་ཅད་ག་ར་ ངན་སོང་ལས་འགྲོལ་ཏེ་ ཐར་པ་སངས་རྒྱས་ཀྱི་ གོ་འཕང་འཐོབ་བཅུག་ཟེར་བའི་ སྨོན་ལམ་བཏབ་དོ་ཟེར་ ཡེ་ཤེས་དབང་ཕྱུག་གིས་ སླབ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment