གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་ཚུ་གི་ བསྡུས་བཤད་ལས་རིམ།

༡༤/༠༥/༢༠༡༣  ༉ མོང་སྒར་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་འདུའི་ སྤྱི་ཚོགས་༢ པའི་ འདེམས་ཁོངས་༣ གྱི་ སྲིད་ཚོགས་ཀྱི་འདེམས་ངོ་ཚུ་གིས་ རང་སོའི་ དེམས་ཁོངས་ཚུ་ནང་ ད་རིས་ལས་ བསྐུལ་བསྒྲགས་འགོ་འདྲེན་འཐབ་ནི་ཨིནམ་ད་ བསྐུལ་བསྒྲགས་ཀྱི་དོན་ལུ་ སྲིད་ཚོགས་ཀྱི་འདེམས་ངོ་ཚུ་གིས་ ཁ་ཙ་ རྫོང་ཁག་གི་ བཙག་འཐུ་སྒྲིག་གཡོག་རྒྱུག་མི་ཚུ་གི་ ཀུན་སྤྱོད་རྣམ་གཞག་སྐོར་ལས་ གོ་བརྡ་ཚུ་སྤྲོད་ཡོདཔ་མ་ཚད་ གྲོས་བསྟུན་ཡང་འབད་ཡོདཔ་ཨིན་པས།


དེ་ཡང་ མོང་སྒར་རྫོང་ཁག་ནང་ འདེམས་ཁོངས་༣ ཡོདཔ་ད་ སྲིད་ཚོགས་ཀྱི་འདེམས་ངོ་ལ་ལུ་ཅིག་གིས་ བསམ་འཆར་བཀོད་མི་ནང་ གྲོས་བསྟུན་སྐབས་ལུ་ སྲིད་ཚོགས་གཅིག་གིས་གཅིག་ལུ་ དམའ་ཕབ་རྐྱབ་ནི་མེད་པའི་སྐོར་ལས་དང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ མི་མང་སྐྱེལ་འདྲེན་ཞབས་ཏོག་ འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་དེ་ སྟབས་གཅིག་ཁར་ འབད་ནི་ཨིན་ན་མེན་ན་གི་སྐོར་ལས་ གྲོས་བསྟུན་ཚུ་འབད་ཡི།
དེ་བསྒང་ འདེམས་ངོ་ལ་ལུ་ཅིག་གིས་  འདས་པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་སྐབས་ལུ་ ཚོགས་སྡེ་གི་འདེམས་ངོ་ཚུ་གིས་ སྣུམ་འཁོར་ཅིག་ནང་ འགྲོ་འགྲུལ་འབད་ནི་དང་ ལྟོ་གཅིག་ཁར་བཟའ་ནི་ དེ་ལས་ ཞག་ཡང་གཅིག་ཁར་ཉལ་རུང་ མ་བཏུབ་མེད་པའི་སྐོར་ལས་ བསམ་འཆར་བཀོད་ཡོད་རུང་ ལ་ལུ་གཅིག་གིས་ སླབ་མིའི་ནང་ མ་གཞི་ བཞེས་སྒོ་དེ་གཅིག་ཁར་བཟའ་རུང་ མ་བཏུབ་མེད་པའི་ཁར་ སྣུམ་འཁོར་གཅིག་ནང་འགྲོ་འགྲུལ་འབད་ནི་དེ་ མི་བཏུབ་མ་ཚད་ ཞག་གཅིག་ཁར་ཉལ་ནི་ལུ་ སྟབས་མ་བདེཝ་ཡོད་མི་དེ་ སྲིད་ཚོགས་རང་སོའི་ཚོགས་པ་ཡོདཔ་ལས་ རང་སར་སྡོད་ནི་ཟེར་ ཐག་བཅད་ཡོདཔ་ཨིན་པས།
འདེམས་ངོ་༡ གིས་ བསམ་འཆར་བཀོད་མིའི་ནང་ འདས་པའི་གཞུང་སྐྱོང་ འབྲུག་ཕུན་སུམ་ཚོགས་པ་གིས་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ ཁོང་གིས་ ཁས་བླངས་འབད་མི་ཚུ་ག་ར་ གྲུབ་ཚུགས་ཅི་ཟེར་ སླབ་དོ་ཡོདཔ་ལས་ སྲིད་ཚོགས་གསརཔ་གི་ཐད་ལུ་འབད་བ་ཅིན་ ཧེ་མ་ཕྱག་ཞུ་བའི་རྐང་རྗེས་མེདཔ་ལས་ འདས་པའི་གཞུང་གིས་འབད་མི་དེ་ ང་བཅས་གཞུང་གསརཔ་གིས་འབད་བ་ཅིན་ ཐབས་བྱུས་ཚུ་གི་སྐོར་ལས་ བསྐུལ་བསྒྲགས་འབད་བ་ཅིན་ མ་བདེན་པའི་གཏམ་མེདཔ་ལས་ དམའ་ཕབ་ཀྱི་གྲངས་སུ་མི་ཚུད་ནི་ཨིནམ་ལས་ བསྐུལ་བསྒྲགས་འབད་ཆོག་ག་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཅིག་གིས་འབད་བ་ཅིན་ འདས་པའི་གཞུང་གིས་ འབད་ཡི་ཟེར་ སླབ་དགོ་མི་དེ་ཡང་ ཁོང་གི་གྲུབ་འབྲས་ཨིནམ་ལས་ གསལ་སྟོན་འབད་དགོཔ་མ་ཚད་ ད་ལས་ཕ་འབད་རུང་ ལོག་སྟེ་བཙག་འཐུ་འགྲུབ་ཚུགས་པ་ཅིན་ ཕྱག་ལཱ་ག་དེ་སྦེ་ གནང་ནི་ཨིན་ན་ མ་འོངས་པའི་འཆར་གཞི་ཚུ་ མི་སེར་ལུ་ གསལ་བཤད་འབད་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྲིད་ཚོགས་ལ་ལུ་ཅིག་གིས་ འཕྲལ་འཕྲལ་ར་ རྒྱལ་ཁབ་ནང་ གནོད་ཉེན་ཆེ་བའི་ལོ་རྒྱུས་ཚུ་ མི་སེར་ཚུ་ལུ་བཤད་དོ་ཡོདཔ་ལས་ དེ་བཟུམ་གྱི་གོ་བ་ མི་སེར་ལུ་སྤྲོད་ནི་མི་འོང་ཟེར་ཨིནམ་ད་ མི་སེར་ཚུ་སེམས་འཁྲུག་པ་ཅིན་ གཡུས་སྒོ་དང་ལུང་ཕྱོགས་ དེ་ལས་ རྒྱལ་ཁབ་ནང་ སྟབས་མ་བདེཝ་འཐོན་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
འདེམས་ངོ་ཚུ་གིས་ བསམ་འཆར་ལས་འབད་བ་ཅིན་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་གིས་ ཚོགས་རྒྱན་བཙུག་ནིའི་ དང་འདོད་ཡོད་རུང་ ངོས་ལེན་འགོ་དཔོན་ཚུ་གིས་ ཨི་མེལ་ཐོག་ལུ་ སྐྱེལ་མ་བཏུབ་མི་ལུ་བརྟེན་ མི་སེར་ཚུ་ དཀའ་ངལ་འབྱུང་སར་མཐོང་ཡོདཔ་ལས་ ད་ལས་ཕར་ ཨི་མེལ་གྱི་ཁ་བྱང་༡ རྐྱངམ་གཅིག་མེན་པར་ སྒོ་༢ དང་༣ དེ་རེ་ སྒོ་ཕྱེ་ བཞག་དགོཔ་འདུག་ཟེར་ཨིན་པས།
འདེམས་ངོ་ཚུ་གིས་ སླབ་མིའི་ནང་ མོང་སྒར་རྫོང་ཁག་གི་ ས་གནས་ཚུ་ནང་ ཚོགས་རྒྱན་བཙུགས་པ་འགྱོ་མི་ཚུ་ལུ་ སྐྱེལ་འདྲེན་གྱི་ཞབས་ཏོག་ཡང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ བདེ་སྒྲིག་འབད་ཆོགཔ་སྦེ་ ཡོད་ཟེར་ཨིནམ་ད་ དེ་ཡང་ མི་སེར་ཚུ་གིས་ བསྟུན་གྲོས་ཐོག་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་དགོ་པ་ཅིན་ སྐྱེལ་འདྲེན་དབང་འཛིན་ལུ་ སླབ་དགོཔ་ཨིན་པས།
རྫོང་ཁག་ནང་ འདེམས་ཁོངས་༣  ཡོད་མིའི་གྲས་ལས་ དགྲ་མེད་རྩེ་ སྔ་ཚང་འདེམས་ངོ་གི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ཞུ་ཡིག་༡,༥༢༥ ལྷོད་མི་ལས་༢༩༢ ཆ་མེད་བཏང་ཡོདཔ་ད་ སྐྱེངས་མཁར་- ཝེ་རིང་ལ་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་༡,༤༦༥ ལྷོད་མི་ལས་༢༤༢ ཆ་མེད་བཏང་ཡོདཔ་མ་ཚད་ མོང་སྒར་འདེམས་ཁོངས་ནང་ལྷོད་མི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ རྩིས་རྐྱབ་པའི་བསྒང་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་གི་ཡོག་ལུ་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༣༡,༩༢༦ ཡོདཔ་ཨིན་པའི་གནས་ཚུལ།

                                                                     མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment