གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཛོལ་བ་ག་ལུ་ཡོདཔ་ཨིན་ན?

༡༤/༠༥?༢༠༡༣  རྩོམ་སྒྲིག་པའི་སྣང་འཆར།
༉ ད་རེས་ནངས་པ་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་ནང་ དོ་འགྲན་འབད་ནིའི་དོན་ལུ་ སྲིད་དོན་ཚོགས་པ་༤ གིས་ རྒྱལ་ཁབ་ཀྱི་ རྫོང་ཁག་༢༠ དང་ འདེམས་ཁོངས་༤༧ ནང་ མི་མང་བསྐུལ་བསྒྲགས་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ཕྱོགས་གཅིག་ལས་ ཞི་གཡོགཔ་དག་པ་ཅིག་གིས་ སྲིད་དོན་ནང་ འཛུལ་ཞུགས་འབད་ཡོད་རུང་ ལུགས་མཐུན་ཐོག་ དགོངས་ཞུ་མ་འབད་བའི་ རྩོད་དོན་ཅིག་ ཐོན་ཡོདཔ་ཨིན།


བརྡ་དོན་ཡོངས་འབྲེལ་དང་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ལས་ཕར་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ འགོ་ཐོག་བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ མཐར་འཁྱོལ་བྱུང་མི་ སྲིད་དོན་ཚོགས་པ་༤ ལས་༢ ཀྱི་ འདེམས་ངོ་༢ དེ་ཅིག་ ཞི་གཡོགཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ཞི་གཡོག་ནང་ལས་ དགོངས་ཞུ་མ་འབད་བར་ཡོདཔ་ལས་ ག་དེ་སྦེ་ཨིན་ན་ཟེར་ དྲི་བཀོད་འབད་ནུག།
འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ ཞི་གཡོག་གི་ བཅའ་ཡིག་དང་ སྒྲིག་གཞི་གཞན་ཚུ་དང་འཁྲིལ་བ་ཅིན་ ཞི་གཡོགཔ་དེ་ སྲིད་དོན་དང་ འབྲེལ་བ་མེདཔ་སྦེ་ གནས་དགོ་པའི་ཁར་ འཕྲལ་ཁམས་ཅིག་ཁར་ གནས་སྐབས་གཞུང་གིས་ཡང་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དང་འབྲེལ་བའི་ བསྐུལ་བསྒྲགས་ཚུ་གི་ འུར་བྱེལ་ལང་པའི་ ནམ་དུས་ལུ་ ཞི་གཡོགཔ་ཚུ་ སྲིད་དོན་འབྲེལ་མེད་གནས་དགོ་པའི་ བཀའ་ཁྱབ་བཏོན་པའི་ཤུལ་ལུ་ ཞི་གཡོག་ལྷན་ཚོགས་ཀྱིས་ཡང་ དྲན་གསོའི་ཡིག་ཚང་བཀའ་རྒྱ་ བགོ་བཀྲམ་འབད་ནུག།
དེ་བཟུམ་མའི་ བཀའ་རྒྱ་ཚུ་ལུ་ལྟཝ་ད་ ཞི་གཡོགཔ་ཚུ་ སྲིད་དོན་ནང་ འཛུལ་ཞུགས་འབད་དགོ་པ་ཅིན་ དགོངས་ཞུ་འབད་དགོཔ་ཨིན་མས།
ཨིན་རུང་ ད་ལྟོ་ ཤེས་རིག་ལྷན་ཁག་གི་ ལས་བྱེདཔ་༢ ཞི་གཡོག་ལས་ དགོངས་ཞུ་མ་འབད་བའི་ཧེ་མར་ སྲིད་ཚོགས་གཉིས་ནང་ བཅའ་མར་གཏོགས་ཡོདཔ་ལས་ གནད་དོན་དེ་གི་སྐོར་ ལྷན་ཚོགས་ཀྱིས་ ད་རིས་ ཐག་བཅད་ནི་ཨིན་མས།
འདི་འབདཝ་ད་ སྲིད་དོན་ཚོགས་པ་ཚུ་གིས་ བཙག་འཐུ་ལྷན་ཚོགས་ནང་ འདེམས་ངོ་༤༧ ཆ་མཉམ་ཚང་ཡོད་ཟེར་ དོ་འགྲན་ཁས་ལེན་ཡི་གུ་ བཙུགས་པའི་སྐབས་ལུ་ ག་ཅི་སྦེ་ དབྱེ་དཔྱད་མ་འབདཝ་ཨིན་ན་ཟེར་ དྲི་བ་བཀོད་མི་ཡང་ ལེ་ཤ་འདུག།
ལ་ལུ་ཅིག་གིས་འབད་བ་ཅིན་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ དྲང་བདེན་ཐོག་ འདེམས་ངོ་༤༥ གི་ ཁས་ལེན་ཡི་གུ་བཙུགས་ཡོད་རུང་ མགར་སའི་འདེམས་ཁོངས་༢ ལས་ འདེམས་ངོ་མ་ཚང་པས་ཟེར་ འགོ་ཐོག་བཙག་འཐུ་ནང་ འབྲེལ་གཏོགས་འབད་ནི་ལས་ ཆ་མེད་བཏང་མི་ལུ་བརྟེན་ འདྲ་མཉམ་དང་ དྲང་བདེན་མ་འགྱོ་བའི་ ཁ་ཉེས་བཀལ་མི་དེ་ཡང་ ཁས་ལེན་ཡི་གུ་ དྲང་བདེན་སྦེ་ མ་བཙུགས་མི་ཚུ་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ངོས་ལེན་འབད་ནི་དེ་གིས་ཨིན་ནས།
འབྲུག་གི་ཞི་གཡོག་བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་དང་འཁྲིལཝ་ད་ ཞི་གཡོགཔ་ཚུ་ སྲིད་དོན་ནང་ བཅའ་མར་གཏོགས་མ་ཆོག་པའི་ཁར་ ཐ་ན་ སྲིད་དོན་ཚོགས་པའི་ ཞལ་འཛོམས་དང་ སྲིད་དང་འབྲེལ་བའི་  ལས་རིམ་ཚུ་ནང་ བཅའ་མར་གཏོགས་ མ་ཆོག་ནི་དེ་གིས་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ཁོང་གི་ འགན་ཁུར་ངོ་མ་ར་ ཁས་ལེན་ཡི་གུ་ཚུ་ བཙུགས་པའི་སྐབས་ལུ་ འདེམས་ངོ་ཚང་མ་ཚང་ ལྟ་ནི་དང་ མཐོ་རིམ་ཤེས་ཚད་ལག་ཁྱེར་ལུ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ ངོ་སྦྱོར་འབད་མ་འབད་ བརྟག་དཔྱད་འབད་ནི་རྐྱངམ་གཅིག་ཨིནམ་ལས་ ཞི་གཡོག་ནང་ལས་ དགོངས་ཞུ་མ་ཞུ་ནན་ཞིབ་འབད་ཐབས་མེད་ཟེར་ཨིན་མས།
ཞི་གཡོག་ལྷན་ཚོགས་ཀྱིས་འབད་བ་ཅིན་ ཞི་གཡོགཔ་ཚུ་ སྲིད་དོན་ནང་ འཛུལ་ཡོད་པའི་སྐོར་ བརྡ་བརྒྱུད་ནང་ལས་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཡོདཔ་ལས་ ལྟ་ཞིབ་འབད་མི་ཚུགས་པས་ཟེར་ཨིན་མས།
དེ་སྦེ་འབད་བ་ཅིན་ འཛོལ་བ་ཚུ་ གཙུག་སྡེ་ག་ལུ་ཡོདཔ་ཨིན་ན? དེ་ལས་ ཞི་གཡོགཔ་ཚུ་ སྲིད་དོན་དང་ འབྲེལ་བ་མེདཔ་ ག་དེ་སྦེ་ བཞག་ཚུགས་ནི་ཨིན་ན?
སྲིད་དོན་ཚོགས་པ་ཚུ་གིས་འབད་བ་ཅིན་ བཙག་འཐུའི་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འདེམས་ངོ་འཇམ་ཏོང་ཏོ་སྦེ་ ཐོབ་མ་ཚུགས་པའི་ཁར་ འགོ་ཐོག་བཙག་འཐུའི་སྐབས་ འདེམས་ངོ་ཨིན་ཅི་མིན་ཅི་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་དགོཔ་མེད་ཟེར་ སླབ་མི་ལུ་ལྟཝ་ད་ བྱ་སྟབས་མ་བདེཝ་དང་ མགུ་འཐོམ་བྱུང་མི་དེ་ འབྲེལ་ཡོད་གཙུག་སྡེ་ཚུ་གིས་ ཁྲིམས་ཡིག་དང་འཁྲིལ་ ངོས་ལེན་མ་བཛད་པའི་ སྐྱོན་ཅིག་མེན་ན་ཟེར་ ཞུ་ནི་ཨིན།

No comments:

Post a Comment