གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་ཀྱི་ གཙོ་འཛིན་ཆ་མཉམ་ལུ་ གུས་ཞབས་འདྲན་འདྲ་བསྐྱེད་དགོཔ།

༡༧/༥/༢༠༡༣   ༉ ནང་སྲིད་ལྷན་ཁག་གིས་ ད་རེས་ནངས་པ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་དོན་ལུ་ དོ་འགྲན་འབད་བའི་བསྒང་ཡོད་མི་ འདེམས་ངོ་ཚུ་ རྫོང་ཁག་དང་ རྒེད་འོག་ཚུ་ནང་ ལྟ་སྐོར་ལུ་འོངམ་ད་ མགྲོན་ཞུ་འབད་ཐངས་ཀྱི་ ལམ་སྟོན་ཡིག་ཚང་བཀའ་རྒྱ་ཅིག་ བཏོན་མི་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཚ་གྱང་ཡོད་ལུགས་ བཤདཔ་ཨིན་པས།


བཙག་འཐུ་ལྷན་ཚོགས་ཀྱི་ འཆར་སྣང་ལས་འབད་བ་ཅིན་ ལམ་སྟོན་ནང་ གསལ་བཀོད་འབད་མི་ ཚིག་དོན་ལ་ལུ་ཅིག་གིས་ བཙག་འཐུའི་བྱ་རིམ་ནང་ གོ་སྐབས་འདྲ་མཉམ་ལུ་ བར་ཆད་རྐྱབ་ནི་གི་ ཉེན་ཁ་ཡོདཔ་བཟུམ་ མཐོངམ་མས་ཟེར་ཨིན་པས།
དེ་འབདཝ་ལས་ ནང་སྲིད་ལྷན་ཁག་གིས་ ཚིག་དོན་ཚུ་ བསྒྱུར་བཅོས་འབད་གནང་དགོཔ་སྦེ་ ང་བཅས་ལས་ ཞུ་བ་འབདཝ་ཨིན་ཟེར་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་ཨིན་པས།
བསུ་བའམ་མགྲོན་ཞུ་འབད་ཐངས་ཀྱི་ ལམ་སྟོན་ནང་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ བློན་ཆེན་བགྲེསཔ་དེ་ རྫོང་ཁག་ཚུ་ནང་ ལྟ་སྐོར་འབདཝ་ད་ རྫོང་བདག་གིས་ འགོ་ཁྲིད་ཐོག་ རྫོང་རབ་དང་ རྫོང་ཁག་ལམ་སྲོལ་འགོ་དཔོན་གྱིས་ ཕེབས་བསུ་ཞུ་དགོཔ་སྦེ་ གསལ་བཀོད་འབད་ནུག།
འདི་བཟུམ་མའི་ ལྟ་སྐོར་སྐབས་ རྫོང་ཁག་བདག་སྐྱོང་དེ་ བཅའ་སྒྲིག་ནང་ འབྲེལ་གཏོགས་འབད་མ་དགོཔ་ཨིན་རུང་ རྫོང་ཁག་གི་ ཁ་ཐུག་ལས་ ཕེབས་ཇ་དྲང་ཆོག་ནི་ཨིན་པས།
ཨིན་རུང་ ལམ་སྟོན་ནང་ སྲིད་དོན་ཚོགས་པ་ཅིག་གི་ གཙོ་འཛིན་དེ་ རྫོང་ཁག་ནང་ ལྟ་སྐོར་འབདཝ་ད་ རྫོང་རབ་དང་ རྫོང་ཁག་ལམ་སྲོལ་འགོ་དཔོན་༢ ཀྱིས་ བསུ་བ་འབད་དེ་ གསོལ་ཇ་དྲང་དགོཔ་སྦེ་བཀོད་ནུག།
དེ་ལས་ དྲུང་ཁག་དང་ རྒེད་འོག་ཚུ་ནང་ བློན་ཆེན་བགྲེསཔ་བྱོནམ་ད་ ཕེབས་ཇ་དྲང་ཞིནམ་ལས་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ སྲིད་ཚོགས་ཀྱི་ གཙོ་འཛིན་ཚུ་གི་ སྡོད་གནས་ཁང་ནང་ བཅར་དགོཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༦ ལུ་བཏོན་མི་ ལམ་སྟོན་དེ་ལུ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་སྐབས་ འབྲེལ་ཡོད་རྫོང་ཁག་དང་ དྲུང་ཁག་ རྒེད་འོག་བདག་སྐྱོང་ཚུ་གིས་ དང་ལེན་འབད་དགོཔ་ཨིན་པས།
ལམ་སྟོན་ཐོབ་མི་ སྲིད་ཚོགས་ཀྱི་ ངོ་ཚབ་ལ་ལུ་ཅིག་གིས་ སླབ་མིའི་ནང་ བཙག་འཐུའི་སྐབས་ལུ་ སྲིད་དོན་ཚོགས་པའི་ གཙོ་འཛིན་གཞན་ཚུ་དང་ཕྱདཔ་ད་ བློན་ཆེན་བགྲེསཔ་ལུ་ དམིགས་བསལ་གྱི་ མགྲོན་སྐྱོང་ཕུལ་མི་དེ་གིས་ ཤེས་རྟོགས་མེད་མི་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ བརྡ་འཕྲིན་ཕྱི་འགྱུར་སྤྲོད་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་པས།
ད་རིས་ཀྱི་ གནས་སྟངས་ནང་ བློན་ཆེན་བགྲེསཔ་དེ་ སྲིད་ཚོགས་གཞན་གྱི་ གཙོ་འཛིན་ཚུ་དང་ ཁྱད་ཕར་ག་ནི་ཡང་མེདཔ་ལས་ ག་ར་ཅོག་འཐདཔ་སྦེ་ བརྩི་འཇོག་འབད་དགོ་ཟེར་ སྲིད་ཚོགས་ཀྱི་ འཐུས་མི་ཅིག་གིས་ སླབ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་མགྲིན་ཚབ་ དམ་ཆོས་རྡོ་རྗེ་གིས་འབད་བ་ཅིན་ བློན་ཆེན་གྱིས་གཙོས་པའི་ ལྡོག་ཕྱོགས་འགོ་ཁྲིདཔ་ ཡང་ཅིན་ བློན་པོ་ག་ར་ གནས་ཡུན་ཚང་ཞིནམ་ལས་ དབང་ཚད་ཐེབས་ག་ནི་ཡང་མེདཔ་ལས་ ག་ར་ཅོག་ར་འཐདཔ་སྦེ་ བརྩི་འཇོག་འབད་དགོ་ཟེར་ཨིན་པས།
དེ་གི་ནང་དོན་ཉིད་ལས་ བཙག་འཐུའི་བཅའ་ཁྲིམས་དང་ བཅའ་ཡིག་ཚུ་ བསྟར་སྤྱོད་འབད་བཞིན་དུ་ཡོད་པའི་ཁར་ མི་མང་ལུ་ བཙག་འཐུ་དང་འབྲེལ་བའི་ བསྐུལ་བསྒྲགས་སྐབས་ ཐ་ན་ བཀབ་ནེ་ཡང་ བཀབ་མི་ཆོག་ནི་ཨིན་པས།
ད་རུང་ གོ་གནས་ཀྱི་ ཁྱད་པར་ཕྱེ་ནི་ལས་ བཀག་ཐབས་ལུ་ ཧེ་མར་ཡང་ བཙག་འཐུ་ལྷན་ཚོགས་ཀྱིས་ འདེམས་ངོ་ཚུ་ལུ་ རང་སོའི་མིང་གནས་དང་ གོ་གནས་ དེ་ལས་ ཡིག་ཚང་གི་ ལས་རྟགས་ཚུ་ ལག་ལེན་འཐབ་ནི་མི་འོང་ཟེར་ བརྡ་བསྐུལ་འབད་ཡོདཔ་ཨིན་པས།
དམ་ཆོས་རྡོ་རྗེ་གིས་འབད་བ་ཅིན་ བཙག་འཐུའི་སྐབས་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཐག་བཅད་ནི་མ་གཏོགས་ ནང་སྲིད་ལྷན་ཁག་དེ་ བར་ན་འཛུལ་ནི་མི་འོང་ཟེར་ཨིན་པས།
ནང་སྲིད་ལྷན་ཁག་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ བཙག་འཐུ་ལྷན་ཚོགས་ལས་ གྲོས་འདེབས་ཡི་གུ་ ཐོབ་པའི་ཤུལ་ལུ་ ལྷན་རྒྱས་གཞུང་ཚོགས་ཡིག་ཚང་ནང་ བཙུགས་ཡོདཔ་ལས་ ཐག་བཅད་ཀྱི་དོན་ལུ་ གནས་སྐབས་གཞུང་ལུ་ བཙུགས་དགོ་ཟེར་ཨིན་པས།
དེ་ལས་ ལམ་སྟོན་ནང་ ཞི་གཡོགཔ་དང་ ས་གནས་གཞུང་གི་ འགན་འཛིན་པ་ཚུ་ སྲིད་དོན་དང་འབྲེལ་བའི་ ལས་སྣ་ཚུ་ནང་ ཐད་ཀར་དང་ ཐད་ཀར་མིན་པའི་ཐོག་ལས་ འབྲེལ་འཛིན་འབད་ནི་དེ་ ག་དེ་དྲག་དྲག་ འཛེམ་དགོ་པའི་ དྲན་གསལ་ཡང་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment