གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༠/༥/༢༠༡༣   རྩོད་བསྡུར་གྱིས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཁྱད་པར་བཟོ་ཚུགསཔ་ཨིན་ན?
༉ སྤྱི་ཟླ་༥ པའི་ཚེས་༨ ཀྱི་ཕྱི་རུ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྒྱང་མཐོང་ཐོག་ལས་ སྲིད་དོན་ཚོགས་པ་༤ གི་ གཙོ་འཛིན་ཚུ་གི་ རྩོད་བསྡུར་དང་ དྲི་བ་དྲིས་ལན་གསལ་སྟོན་འབད་མི་ཚུ་ལུ་ མི་མང་ལས་ བསམ་འཆར་འདྲ་མིན་སྣ་ཚོགས་བཀོདཔ་ཨིན་མས།


སྲིད་ཚོགས་༤ གི་ རྩོད་བསྡུར་དེ་ ཤུལ་མའི་གཞུང་གསརཔ་ གཞི་བཙུགས་འབད་ནིའི་དོན་ལུ་ དོ་འགྲན་འབད་དོ་ཡོདཔ་ལས་ རྩོད་བསྡུར་ཚུ་ སྤྲོ་བ་ཅན་འོང་ཟེར་ མི་མང་ཤོས་ཅིག་གིས་ རེ་བ་བསྐྱེད་རུང་ རྩོད་བསྡུར་འབད་ཐངས་དང་ གནད་དོན་ཚུ་ལུ་ལྟ་སྟེ་ བསམ་པ་མ་རྫོགས་པས།
ག་འཆརཔ་ཟེར་བ་ཅིན་ སྤྱིར་བཏང་གི་ མཐོང་སྣང་ལུ་ རྩོད་བསྡུར་ཚུ་ རྒྱལ་ཡོངས་ཚོགས་འདུའི་ནང་ གྲོས་བསྡུར་གནང་མི་དེ་ ད་ལྟོ་ཡང་ མཇུག་མ་བསྡུཝ་བཟུམ་མའི་ ཚོར་སྣང་བྱུང་ཡོདཔ་ད་ ལ་ལུ་ཅིག་གི་ བསམ་ལན་དང་འཁྲིལཝ་ད་ སྲིད་ཚོགས་ལ་ལུ་ཅིག་གི་ ལྟ་བ་དང་ སྲིད་བྱུས་ཚུ་ དྭངས་གསལ་སྦེ་ གསལ་བཤད་མ་འབད་ནི་དེ་གིས་ ཚོགས་རྒྱན་བཙུགས་དགོ་པའི་ ཡིད་ཆེས་འདྲོངས་མ་ཚུགས་ཟེར་ཨིན་མས།
ཧེ་མའི་ཟླཝ་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ དངོས་མཐོང་ལས་རིམ་ཐོག་ལས་ རྩོད་བསྡུར་ཚུ་ འགོ་འདྲེན་འཐབ་མི་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ འདེམས་ངོ་ག་ལུ་ ཚོགས་རྒྱན་བཙུགས་པ་ཅིན་ དྲག་ནི་ཨིན་ན་ ཐག་བཅད་ནི་ལུ་ ཕན་ཐབས་བྱུང་ཡོད་མི་ལུ་ལྟཝ་ད་ རྩོད་བསྡུར་གྱིས་ ཁྱད་པར་སྦོམ་བཟོ་ཚུགསཔ་ཨིན་མས།
ཚོགས་རྒྱན་བཙུགས་མི་ཚུ་ལུ་ རང་གི་སྲིད་ཚོགས་ལུ་ ག་ཅི་སྦེ་ ཚོགས་རྒྱན་བཙུགས་དགོཔ་ཨིན་ན་ ཡིད་ཆེས་འདྲོངས་དགོ་པ་ཅིན་ རྩོད་བསྡུར་གྱི་ སྤུས་ཚད་དང་ སྲིད་ཚོགས་ཀྱི་ ལྟ་བ་དྭངས་གསལ་སྦེ་ གོ་བརྡ་སྤྲོད་དགོཔ་དེ་གལ་ཆེ།
དེ་ལས་ རྒྱང་མཐོང་ལྟ་མི་ཚུ་གི་ བསམ་ལན་གཞན་དེ་ རང་སོའི་སྲིད་ཚོགས་ཀྱི་ ལྟ་བ་དང་ སྲིད་བྱུས་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ར་ གཙོ་བོར་བཏོན་ནི་མ་གཏོགས་ གཞན་ལུ་ སྐྱོན་བརྗོད་འབད་ནི་དང་ ཁ་གཏང་ནི་ཚུ་ འོས་ལྡན་ཅིག་ མི་མཐོང་པས་ཟེར་ཨིན་མས།
ཨིན་རུང་ སྲིད་དོན་ནང་ལྷོདཔ་ད་ འདི་བཟུམ་མའི་ སྐྱོན་བརྗོད་དང་ ཁ་གཏང་ནི་ འཐུས་ཤོར་བྱུང་མི་ཚུ་ལུ་ དྲི་བཀོད་འབད་ནི་དེ་ རང་བཞིན་གྱིས་ར་ འཐོན་སྲིད་ནི་ཨིནམ་ལས་ ངོས་ལེན་འབད་དགོཔ་བཞིན་དུ་ རང་ལུ་ སྐྱོན་བཏག་ནི་དང་ ཁ་གཏང་ནི་མེད་པ་ཅིན་ རྒྱལ་ཁབ་འདི་ གོམ་པ་མདུན་ཕྱོགས་ལུ་ སྤོ་མི་ཚུགས།
འདི་འབདཝ་ད་ རྩོད་བསྡུར་གྱི་ཤུལ་ལས་ སྲིད་དོན་ཚོགས་པ་ཚུ་གི་ གཙོ་འཛིན་༤ དང་ དྲི་བ་དྲིས་ལན་འགོ་འདྲེན་འཐབ་མི་དེ་གིས་ མི་མང་ལུ་ སྤྲོ་སྣང་སྦོམ་བྱུང་ཡོད་མི་དེ་ཡང་ དངོས་མཐོང་ལས་རིམ་ལྟ་བར་ འོང་མི་ཚུ་གིས་ སྲིད་ཚོགས་ཚུ་གི་གྲས་ལས་ དམིགས་བསལ་དུ་ འབྲུག་ཕུན་སུམ་ཚོགས་པ་ལུ་ དབུལ་ཕུངས་ཀྱི་གནས་ཚད་ བརྒྱ་ཆ་༢༣ ལས་༡༢ ལུ་ མར་ཕབ་འབད་ཚུགས་མི་དང་ ཞིང་ལམ་གྱི་གནས་སྟངས་སྐྱོ་དྲགས་ཐལ་མི་ དེ་ལས་ བརྡ་བརྒྱུད་ནང་ ངན་ལྷད་དང་འབྲེལ་བའི་ ལག་ལེན་ཚུ་ནང་ འབྲེལ་གཏོགས་ཡོད་པའི་སྐོར་ དྲི་བ་བཀོད་ཅི།
མི་མང་ལས་ བསམ་ལན་ག་དེ་སྦེ་ར་ཡོད་རུང་ སྲིད་དོན་པ་ཚུ་གིས་ ཐུགས་ཁར་བསྣམ་དགོཔ་དེ་ར་ གནད་དོན་ཕྱམ་ཕྱིམ་ཚུ་གི་སྐོར་ལས་ རྩོད་བསྡུར་འབད་ནི་དང་ དྲི་བ་ཚུ་ བཀོད་ནིའི་ཚབ་ལུ་ སྲིད་ཚོགས་ཀྱི་ ལྟ་བ་དང་ སྲིད་བྱུས་ཚུ་ལུ་ གཙོ་བོར་བཏོན་ཏེ་ གསལ་བཤད་འབད་བ་ཅིན་ མི་མང་གིས་ཡང་ རང་སོའི་གདམ་ཁ་དང་འཁྲིལ་ འོས་འབབ་ཅན་གྱི་ སྲིད་ཚོགས་བཙག་འཐུ་འབད་ཚུགས་ནི་དང་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ཡང་ ཁྱད་པར་སྦོམ་བཟོ་ཚུགས་ཟེར་ ཞུ་ནི་ཨིན།

No comments:

Post a Comment