གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱ་ཡོད་མི་ ལས་རྟགས་གཞན་ ངོ་ཕྱེ་ཤེས་དགོཔ།

༡༣/༠༥/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ བཀྲིས་གཡང་རྩེ་དང་ བཀྲིས་སྒང་རྫོང་ཁག་༢ ནང་ ལྟ་སྐོར་འབད་བའི་སྐབས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཚོགས་རྒྱན་བཙུགསཔ་ད་ བྱ་གཞན་ཡོད་མི་ ལས་རྟགས་དེ་ ལེགས་ཤོམ་སྦེ་ ངོ་ཕྱེ་དགོཔ་ གལ་ཆེ་བའི་སྐོར་ དྲན་གསལ་འབད་ནུག།


གཙོ་འཛིན་གྱིས་ གསལ་བཤད་འབད་མིའི་ནང་ ཧེ་མ་འབད་བ་ཅིན་ སྲིད་ཚོགས་ལུ་ བྱ་གི་རྟགས་ཡོད་མི་ འབྲུག་ཕུན་སུམ་ཚོགས་པ་རྐྱངམ་གཅིག་ཨིནམ་མ་ཚད་ དེ་བསྒང་ སྲིད་ཚོགས་༢ ལས་བརྒལ་མེད་མི་ ཚོགས་པའི་ལས་རྟགས་ བྱ་ཁྲུང་ཁྲུང་དང་ མི་སེར་དམངས་གཙོ་ཚོགས་པའི་ ལས་རྟགས་དེ་ རྟ་ཨིནམ་ལས་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགསཔ་ད་ འཇམ་ཏོང་ཏོ་སྦེ་ ངོ་ཕྱེ་ཚུགས་ཡོད་ཟེར་ཨིན་པས།
མི་སེར་ཚུ་གིས་ཡང་ ལས་རྟགས་བྱ་དང་ ཡང་ཅིན་ རྟ་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ ཤེས་རྟོགས་བྱུང་ཡོད་རུང་ ད་རིས་འབདཝ་ད་ བྱ་གི་ལས་རྟགས་ཡོད་མི་ སྲིད་ཚོགས་གཞན་ཅིག་ཡོདཔ་ལས་ ཁྱེད་མི་སེར་ཚུ་གིས་ ཐུགས་ཁར་བསྣམ་དགོཔ་དེ་ གལ་ཆེ་ཟེར་ གཙོ་འཛིན་འཇིགས་མེད་འཕྲིན་ལས་ཀྱིས་ བཤད་པའི་ཁར་ འབྲུག་ཕུན་སུམ་ཚོགས་པ་བཟུམ་སྦེ་ བྱ་གི་ལས་རྟགས་ཡོད་མི་དེ་ འབྲུག་སྤྱིར་དབང་ཚོགས་པ་དེ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
གལ་སྲིད་ མི་སེར་ཚུ་གིས་ སེམས་དྲནམ་མ་བཏོན་པར་ ཚེོགས་རྒྱན་བཙུགས་པ་ཅིན་ ཕྱི་འགྱུར་སྦེ་ འགྱོ་ནི་གི་ ཉེན་ཁ་ཡོད་མི་དེ་ཡང་ ཁོང་གི་རྒྱབ་སྐྱོར་པ་ཚུ་གིས་ ང་བཅས་ཀྱི་ ལས་རྟགས་གུ་ ཚོགས་རྒྱན་བསྐྱུར་ནི་དང་ ང་བཅས་རའི་ རྒྱབ་སྐྱོར་པ་ཚུ་གིས་ ཁོང་གི་ ལས་རྟགས་ནང་ བཙུགས་ནི་གི་ ཉེན་ཁ་ཡོད་ཟེར་ གཙོ་འཛིན་འཇིགས་མེད་འཕྲིན་ལས་ཀྱིས་ གསལ་བཤད་འབད་ནུག།
དེ་འབདཝ་ལས་ མི་སེར་ཚུ་གིས་ ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ འབྲུག་ཕུན་སུམ་ཚོགས་པའི་ལས་རྟགས་ བྱ་ཁྲུང་ཁྲུང་སྐེ་ནག་༣ ཡོད་མི་དེ་ ངོས་འཛིན་འབད་ཚུགསཔ་འབད་དགོ་ཟེར་ བཤད་པའི་ཁར་ འདི་དང་འདྲཝ་སྦེ་ ཚོགས་པ་འདི་གི་ ལས་རྟགས་རྐྱངམ་གཅིག་མིན་པར་ སྲིད་ཚོགས་གཞན་ཚུ་གི་ ལས་རྟགས་ཚུ་ཡང་ ངོ་ཕྱེ་ཚུགསཔ་འབད་དགོ་ཟེར་ཨིན་པས།
ཁམས་དྭངས་-རམ་འཇར་འདེམས་ཁོངས་ཀྱི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ཡང་ སླབ་མིའི་ནང་ གལ་སྲིད་ མི་སེར་ཚུ་གིས་ དྲནམ་མ་བཏོན་པ་ཅིན་ མགུ་འཐོམ་འབྱུང་ནི་མས་ཟེར་ཨིནམ་ད་ དཀའ་ངལ་དེ་ གཙོ་བོ་ར་ རྒན་རྒས་དང་ འབྲི་ལྷག་གི་ ཤེས་ཡོན་མེད་མི་ཚུ་ལུ་ ལས་རྟགས་ཚུ་ལུ་ལྟ་སྟེ་ མགུ་འཐོམ་འབྱུང་ནི་གི་ འོས་འབབ་སྦོམ་འདུག་ཟེར་ སྟོང་བྱང་ལས་ གྲོང་གཡུས་མི་སེར་ཅིག་གིས་ སླབ་ཨིན་པས།
དེ་མ་ཚད་ འབྲུག་སྤྱིར་དབང་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པའི་ ལས་རྟགས་གཉིས་ གོ་རིམ་སྒྲིག་སྟེ་ བཞག་པ་ཅིག་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ལྷག་པར་དུ་ མགུ་འཐོམ་འབྱུང་ནི་མས་ཟེར་ བཀྲིས་སྒང་གཡང་གཉེར་ལས་ གྲུབ་ཐོབ་ཀྱིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment