| འགྲེམས་སྟོན་ལས་རིམ་ནང་ ཨམ་བུ་དར་གྱིས་ དཔེ་སྟོན་གྱི་དོན་ལུ་ ཕྱ་རི་གོ་ལ་འཐག་པའི་བསྒང་། |
ཨིན་རུང་ ཐིམ་ཕུ་རྫོང་ཁག་ དར་དཀར་ལ་རྒེད་འོག་ ལྕམ་སྒང་གཡུས་ཚན་ལས་ སྐྱེས་ལོ་༤༥ ལང་མི་ ཨམ་རིག་འཛིན་བུ་དར་འདི་ ལོ་ན་རྒས་སོ་རུང་ ལུག་གི་བལ་ལུ་བརྟེན་ ཕྱ་རི་འཐག་ནི་དང་ གོ་ལ་གཞན་ཡང་ ལེ་ཤ་ཅིག་ར་ འཐག་ནི་ལུ་ གཙོ་བོ་བཏོན་ཏེ་ འོང་འབབ་དུམ་གྲ་རེ་ བཟོ་དོ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ བླམ་དཔལ་རི་ རྒྱལ་ཡོངས་གླིང་ཁ་ནང་སྦེ་ ཨེ་ཏོག་མེ་ཏོག་དུས་སྟོན་བརྩི་སྲུང་འབད་བའི་སྐབས་ ལྟ་བཤལཔ་ཚུ་ལུ་ ཚོང་འབྲེལ་འཐབ་ནི་དང་འབྲེལ་ ལུག་གི་བལ་གྱིས་ ཕྱ་རི་ འཐག་ཐངས་ཀྱི་སྐོར་ལས་ མོ་གིས་ འགྲེམས་སྟོན་འབད་དེ་ སློབ་ཕྲུག་བུཚ་དང་བུམོ་ དེ་ལས་ འབྲུག་མི་ཆེ་འབྲིང་ཆུང་༣ ལུ་ གོ་བ་བརྡ་སྤྲོད་ཚུ་ འབད་ཡོདཔ་ཨིན་པས།
རིག་འཛིན་བུ་དར་གྱིས་ སླབ་མི་དང་འཁྲིལཝ་ད་ འདས་པའི་ལོ་༣༠ དེ་ཅིག་གི་ཧེ་མར་ མི་སེར་ཚུ་གིས་ ལུག་གསོ་སྐྱོང་འབད་ཐོག་ལས་ ལུག་གི་བལ་གྱིས་སྦེ་ བཀབ་གོ་ལ་དང་ གདན་མལ་ཆ་ དེ་ལས་ ཁེབས་ཀྱི་རིགས་ཚུ་ འཐག་དོ་ཡོད་རུང་ ད་རེས་ནངས་པ་ ཁྲོམ་ཁར་སྡོད་མི་ ན་གཞོན་དང་ འབྲུག་མི་ཚུ་གིས་ གོ་ལ་སྦེ་ གྱོན་ནི་ཕར་བཞག་ ཐ་ན་གྲོང་གསེབ་གཡུས་སྒོ་ཚུ་ན་ཡང་ ལག་ལེན་འཐབ་སར་ མི་མཐོང་པས་ཟེར་ཨིན་པས།
ད་རེས་ནངས་པའི་དུས་ཚོད་ལུ་ འབྲུག་མི་ཚུ་གིས་ ཕྱི་རྒྱལ་ལས་ཐོན་མིའི་ གོ་ལ་ཚུ་ཉོ་སྟེ་ ལག་ལེན་འཐབ་མི་ལུ་བརྟེན་ རང་ལུགས་ཀྱི་ ལམ་སྲོལ་དེ་ ཉམས་སོཔ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
ཕོ་སྐྱེས་ཀྱི་ ཕྱ་རི་གོ་ཅིག་འཐག་ནིའི་དོན་ལུ་ ལུག་ཕྱེད་དང་༤ གི་ བལ་དགོཔ་ད་ ལུག་གི་བལ་བཏོག་ཞིནམ་ལས་ ཆུ་ནང་སྦང་བཞག་སྟེ་ ཆུ་འཁྱུ་ ཉི་མའི་ནང་སྐམ་ སྐུདཔ་འཁལ་བའི་ཤུལ་ལུ་ འཐག་དོ་ཡོདཔ་ཨིན་པས།
མོ་གིས་ བལ་ལུ་བརྟེན་ མ་རས་དང་ ཐགས་རས་ སྨན་ཐགས་ ཇོ་ལ་ འཇའ་ཆེན་དཀྱི་ར་ དོ་སྤེད་དཀྱི་ར་ གདོང་ཁེབས་ དེ་ལས་ ཕྱ་རི་དཀྱི་ར་ཚུ་ འཐག་ཐོག་ལས་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
མོ་ར་ ལ་ནོར་འཚོ་སྟེ་ རི་དང་ ནགས་ཚལ་ནང་སྡོད་པའི་སྐབས་ གོ་ལ་ཚུ་ གླ་ཆ་གུ་འཐག་དོ་ཡོདཔ་མ་ཚད་ གཡག་གི་སྤུ་ལུ་བརྟེན་ གོ་ལ་དང་ དགོས་མཁོ་ཆེ་བའི་ བཀབ་གོ་ལ་གཞན་གྱི་རིགས་ཚུ་འཐག་སྟེ་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
ཨམ་རིག་འཛིན་བུ་དར་གྱིས་ ད་རེས་ནངས་པའི་ ན་གཞོན་བུམོ་ཚུ་ལུ་ སྟོན་ནིའི་དོན་ལུ་ རྩ་འགེངས་ཡོད་རུང་ ལག་ལེན་འདི་ལུ་ སྤྲོ་བ་བསྐྱེད་དེ་ ལྷབ་མི་མེདཔ་ལས་ མོ་ལུ་ཡོད་པའི་ཡོན་ཏན་དེ་ མ་འོངས་པར་ ཉམས་འགྱོ་ནི་མས་ཟེར་སླབ་ཨིན་པས།
ན་གཞོན་སློབ་ཕྲུག་བུམོ་དང་ གཡུས་སྒོའི་བུམོ་ཚུ་གིས་ སྤྲོ་བ་བསྐྱེད་དེ་ལྷབ་པ་ཅིན་ ཁོང་ར་ ཆོས་ཡོན་ཏན་ ལྷབ་ཚར་ཞིནམ་ལས་ ལཱ་གཡོག་ འཐོབ་མ་ཚུགས་པ་ཅིན་ བལ་འདི་ལུ་བརྟེན་ མི་ཚེ་སྐྱོང་སྟེ་ མཐར་འཁྱོལ་ཚུགས་ཟེར་ཨིན་པས།
བལ་གྱི་གོ་ལ་རེ་ལུ་ ཉུང་ཤོས་ རིན་གོང་ དངུལ་ཀྲམ་༦,༠༠༠ རེ་ གནས་དོ་ཡོདཔ་ལས་ ཚོང་འབྲེལ་འཐབ་པ་ཅིན་ ཁེ་ཕན་སྦོམ་ཡོད་ཟེར་ཨིན་པས།
ནགས་ཚལ་ལས་ཁུངས་ཀྱིས་ དེ་བཟུམ་མའི་ འགྲེམས་སྟོན་ལས་རིམ་འགོ་འདྲེན་ མ་འཐབ་འདྲཝ་ཅིག་འབད་བ་ཅིན་ མོ་གིས་ ཐགས་རིག་དེ་ ཁྱབ་སྤེལ་འབད་མ་ཚུགསཔ་མ་ཚད་ ཕྱ་རི་གོ་ལ་དང་ གདན་མལ་ཆ་ཚུ་གི་སྐོར་ལས་ འབྲུག་མི་ཚུ་གིས་ ཤེས་རྟོགས་ར་ མ་བྱུངམ་འོང་ཟེར་ཨིན་པས།
རྒྱལ་ཁབ་ནང་ ལུག་གསོ་སྐྱོང་འཐབ་མི་ མར་བབས་སོང་ཡོདཔ་མ་ཚད་ བལ་གྱི་ གོ་ལ་འཐག་ཤེས་མི་ཡང་ གཡུས་སྒོ་དེ་ནང་ ཨམ་རིག་འཛིན་བུ་དར་ གཅིག་ལས་བརྒལ་མེདཔ་ལས་ གཞུང་དང་ ས་གནས་གཞུང་ དེ་ལས་ གཡུས་སྒོའི་མི་སེར་ཚུ་གིས་ རང་ལུགས་ཀྱི་ བལ་ལཱ་འབད་ནིའི་དོན་ལུ་ ད་ལྟོ་ལས་ ལྷབ་སྦྱང་འབད་དགོཔ་ གལ་ཆེ་ནི་མས་ཟེར་ ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment