གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་ལུ་ དྲང་དཔོན་༦ གིས་ མཆོད་རྟེན་སློངས་མི་ཚུ་ སྟབས་གཅིག་ཁར་ཁྲིམས་བཤེར།

༡༣/༠༥/༢༠༡༣  ༉ ཁ་ཙ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་༢ ཀྱིས་ ནངས་པ་ བཀྲིས་སྒང་རྫོང་ཁག་ཁྲིམས་ཀྱི་འདུན་སར་ མཆོད་རྟེན་སློངས་མི་ དོགས་པ་ཅན་༡༠ གྱི་ སྒྲུབ་བྱེད་དང་ ཅ་ཆས་ཚུ་ བདེན་ཁུངས་སྦེ་ ཕུལ་ནི་ཨིན་པས།


དེ་ཡང་ རྒྱལ་ཁབ་ནང་འཁོད་ལུ་ སྤྱི་ལོ་༢༠༡༠ ལས་༢༠༡༣ གྱི་བར་ན་ མཆོད་རྟེན་མང་རབས་ཅིག་ སློངས་ཡོདཔ་མ་ཚད་ ལྷ་ཁང་ཚུ་ནང་ལས་ སྐུ་རྟེན་གསུང་རྟེན་ཚུ་ ཨར་རྐུན་འབད་མིའི་ནང་ འབྲེལ་བ་ཡོད་མི་ ཉེས་འཛུགས་ཅན་༡༠ གྱི་ སྙན་གསན་ཚུ་ བཀྲིས་གཡང་རྩེ་དང་ མོང་སྒར་ བུམ་ཐང་ གཞལམ་སྒང་ དབང་འདུས་ཕོ་བྲང་རྫོང་ཁག་གི་ དྲང་དཔོན་༥ གིས་ བཀྲིས་སྒང་དྲང་དཔོན་དང་གཅིག་ཁར་ མཛད་པའི་བསྒང་ཨིན་པས།
ཁྲིམས་སྲུང་འགག་པ་དང་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ དོགས་པ་ཅན་༡༠ ལུ་ ཉེས་འཛུགས་བཀལ་མིའི་ རྒྱབ་འགལ་ལུ་ ཁ་ཙ་ ཉེས་དོགས་ཅན་ཚུ་གིས་ བཤེར་ལན་ཕུལ་བའི་སྐབས་ རྩོད་ཟླ་ལ་ལུ་ཅིག་གིས་ མཆོད་རྟེན་སློངས་ཏེ་ ནང་གཟུངས་ཚུ་ བཏོན་འབག་ཡོད་པའི་ ཁ་བཟེད་ཡོད་རུང་ ལ་ལུ་ཅིག་གིས་ ཁོང་ལུ་ ཉེས་པ་མེད་ལུགས་ ཞུ་ཡོདཔ་ཨིན་པས།
དེ་འབདཝ་ལས་ གཞུང་གི་ཁ་ཐུག་ལས་ ཉེས་བཤེར་འབད་མི་༢ ཀྱིས་ སྒྲུབ་བྱེད་ཚུ་ ཕུལ་ཞིནམ་ལས་རྐྱངམ་གཅིག་ ཁྲིམས་འདུན་གྱིས་ དོགས་ཅན་ཚུ་ལུ་ ཉེས་པ་ཡོད་མེད་ ཤེས་རྟོགས་འབྱུང་ཚུགས་ནི་མས་ཟེར་ བཀྲིས་སྒང་གི་ དྲང་དཔོན་པདྨ་དངོས་གྲུབ་ཀྱིས་ བཤད་པའི་ཁར་ རྩོད་ཟླ་གཅིག་གིས་གཅིག་ལུ་ ཁ་ཉེས་བཀལ་དོ་ཡོདཔ་ལས་ ངོ་འཛོམས་སམ་ གདོང་བཤེར་འབད་དགོཔ་ འཐོན་ནི་བཟུམ་ཅིག་འདུག་ཟེར་ སླབ་ཨིན་པས།
དོགས་པ་ཅན་ཚུ་ རྫོང་ཁག་༦ ནང་ ཨར་རྐུན་གྱི་ ལཱ་བྱ་འཐབ་མི་ཚུ་དང་ སྦྲེལ་མཐུད་ཡོད་མི་ལུ་བརྟེན་ རྫོང་ཁག་༦ གི་དྲང་དཔོན་ཚུ་གིས་ བཀྲིས་སྒང་གི་ ཁྲིམས་ཀྱི་འདུན་སར་ སྟབས་གཅིག་ཁར་ སྙན་གསན་མཛད་མི་དེ་ཡང་ རྫོང་ཁག་༡ ནང་ཁྲིམས་བཤེར་འབད་བའི་ཤུལ་ལུ་ རྫོང་ཁག་གཞན་མི་ནང་ རྩོད་གཞི་ཕྱེ་མ་དགོ་པར་ རྫོང་ཁག་གཅིག་ལས་ར་ གྲོས་ཆོད་བཏོན་གནང་ནི་ཨིནམ་ལས་ དེ་གིས་ དུས་ཚོད་དང་ མ་དངུལ་ཚུ་ འཕྲོ་བརླག་མ་འགྱོ་བའི་ ཁེ་ཕན་ཡོད་པའི་ཁར་ འཁྲུན་ཆོད་ཡང་ མགྱོགས་སུ་སྦེ་ གནང་ཚུགས་ཟེར་ དྲང་དཔོན་པདྨ་བསམ་གྲུབ་ཀྱིས་ སླབ་ཨིན་པས།
དུས་ཅི་ སྤྱི་ཟླ་དང་པའི་ནང་ བཀྲིས་གཡང་རྩེ་ལུ་ ཉེས་དོགས་པ་ཕོ་སྐྱེས་༢ འཛིན་བཟུང་འབད་བའི་ཤུལ་ལུ་ བཀྲིས་གཡང་རྩེ་དང་ བཀྲིས་སྒང་གི་ ཁྲིམས་སྲུང་འགག་པ་གཉིས་ཆ་ར་གིས་ རྫོང་ཁག་༦ ནང་ མཆོད་རྟེན་གཅིག་ཤུལ་གཉིས་ཤུལ་སྦེ་སློངས་མི་དང་ ལྷ་ཁང་དགོན་སྡེ་ཚུ་ལས་ ནང་རྟེན་ཨརཝ་བརྐུ་མི་དང་ ཨར་རྐུན་འབད་ནི་གི་ དཔའ་བཅམ་མི་ཚུ་ བདའ་ཟུན་ཡོདཔ་ཨིན་པས།
དང་པ་ར་ བཀྲིས་གཡང་རྩེ་ སྟོད་ཚོ་ལས་ སྐྱེས་ལོ་༤༥ ལང་མི་ ཡེ་ཤེས་རྡོ་རྗེ་དང་ བཀྲིས་སྒང་གཡང་གཉེར་ལས་ སྐྱེས་ལོ་༢༣ ལང་མི་ ཚེ་དབང་བསྟན་འཛིན་༢ ཀྱིས་ ཁམས་དྭངས་རྒེད་འོག་ནང་ བྱང་ཆུབ་མཆོད་རྟེན་༥ དང་ མ་ཎི་གདངས་རིངམོ་༡ བཀའ་དམ་མཆོད་རྟེན་༡ སློངས་མི་ལུ་བརྟེན་ བཀྲིས་གཡང་རྩེའི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ ཁོང་༢ ཆ་ར་ འཛིན་བཟུང་འབད་ཡོདཔ་ད་ མཆོད་རྟེན་ཚུ་ སྤྱི་ཟླ་༡ པའི་ཚེས་༡༧ དང་༡༨ ཀྱི་ནུབ་མོར་ སློངས་ཡོདཔ་ཨིན་པས།
བཀྲིས་གཡང་རྩེའི་དྲང་དཔོན་ དབང་ཕྱུག་འབྲུག་པ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་གིས་ དོགས་ཅན་༢ ལས་ མཆོད་རྟེན་ནང་གཟུངས་ དཔེར་ན་ དང་ཕུའི་ཏིག་རྐྱང་དག་པ་ཅིག་དང་ བྱུ་རུ་ཚུ་ ལོག་ཐོབ་ནུག་ཟེར་ཨིན་པས།
དྲང་དཔོན་ཅིག་གིས་འབད་བ་ཅིན་ ཉེས་དོགས་ཅན་ ཡེ་ཤེས་རྡོ་རྗེ་ལུ་ ཁྲིམས་སྲུང་འགག་པ་གིས་ དྲི་ཞིབ་འབདཝ་ད་ ཉེས་ལས་འཐབ་པའི་ རྫུན་ཁ་བཟེད་མི་གིས་མ་ཚད་པར་ ཨར་རྐུན་ནང་ འབྲེལ་གཏོགས་དང་ འབྲེལ་བ་ཡོད་མི་ འཐུས་མི་གཞན་༨ ཀྱི་ མིང་བཏོན་པའི་ཤུལ་ལས་ འཛིན་བཟུང་འབད་ནུག་ཟེར་ཨིན་པས།
དོགས་པ་ཅན་ཚུ་གི་གྲས་ལས་༤ ལུ་ ན་ཧིང་ བཀྲིས་སྒང་གཡང་གཉེར་དང་ རི་མཇུག་ལུ་ རྣམ་རྒྱལ་ཁང་བཟང་མཆོད་རྟེན་༢ སློང་ནི་དང་ བར་མཚམས་ཕྱག་རྡོར་ལྷ་ཁང་གི་ ལྟག་ལུ་ཡོད་མི་ བྱག་ཕུག་ཅིག་ནང་ སྐུ་འདྲ་ཅིག་གི་ནང་གཟུངས་ གཟི་མིག་ཏོ་༩ འབད་མི་༡ བཏོན་འབག་ནི་གི་ དཔའ་བཅམ་པའི་ ཉེས་འཛུགས་བཀལ་ནུག།
ད་རུང་ དོགས་པ་ཅན་༣ གྱིས་ སྤྱི་ལོ་༢༠༡༡ ལུ་ མོང་སྒར་གླིང་མི་ཐང་གི་ སྦོ་ལོགས་ཁར་ བྱ་གདུང་གཡུས་ཚན་ནང་ བཀའ་དམ་མཆོད་རྟེན་ཅིག་ སློངས་ཡོདཔ་ད་ དོགས་པ་ཅན་ཚུ་གིས་ མཆོད་རྟེན་སློངས་མི་ཚུ་ལུ་ལྟཝ་ད་ སྦྲེལ་མཐུད་ཐོག་ལས་ ལག་ལེན་འཐབ་ཡོདཔ་བཟུམ་སྦེ་ མཐོང་སྣང་བྱུངམ་མས་ཟེར་ མོང་སྒར་གྱི་དྲང་དཔོན་ མགོན་པོ་རྡོ་རྗེ་གིས་ སླབ་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༡༢ ལུ་ དོགས་པ་ཅན་ཚུ་གི་གྲས་ལས་༤ དེ་ཅིག་གིས་ བུམ་ཐང་དོམ་མཁར་ལུ་ ལྷ་ཁང་༢ དང་ རྡོར་གདན་ལུ་ ལྷ་ཁང་ཅིག་གི་ ནང་རྟེན་ཚུ་ ཨར་རྐུན་འབད་ནི་གི་ དཔའ་བཅམ་ཡོདཔ་མ་ཚད་ དུར་ལུ་ རྣམ་རྒྱལ་ཁང་བཟང་མཆོད་རྟེན་ཅིག་ སློངས་ཡོདཔ་ཨིན་པས།
དེ་ལས་ ན་ཧིང་ གཞལམ་སྒང་དྭག་འཕེལ་ལུ་ མ་ཎི་གདངས་རིངམོ་ཅིག་སློངས་མི་ དོགས་པ་ཅན་༣ ལས་༡ ད་ལྟོ་ བདའ་མ་ཟུན་པར་ཡོདཔ་ཨིན་པས།
ཀྲོང་གསར་རྫོང་ཁག་ ནུབ་སྦིས་ལས་ སྐྱེས་ལོ་༥༥ ལང་མི་ ཕོ་སྐྱེས་ཅིག་གིས་ ཉེས་ལས་ལུ་ གདོང་གྲོགས་དང་ ཆ་རོགས་འབད་བའི་ ཉེས་འཛུགས་བཀལ་ཡོད་མི་དེ་ཡང་ ཁོ་གིས་ ཨར་རྐུན་འབད་བའི་ སྐུ་རྟེན་གསུང་རྟེན་ཚུ་ཉོ་བར་ སྣུམ་འཁོར་བདའ་སྟེ་ བཀྲིས་སྒང་ཚུན་ འོང་ཡོདཔ་ཨིན་པས།
དོགས་ཅན་ཚུ་གི་གྲས་ལས་ དབང་འདུས་ཕོ་བྲང་དྭངས་ཆུ་ལས་ཨིན་མི་ བཟའ་ཚང་༡ དང་ ཕོ་སྐྱེས་༢ ལུ་ ཤོག་གྲངས་༡༢༥ འབད་མི་ བརྒྱད་སྟོང་པ་གསེར་བྲིས་མ་ ཚུལ་མིན་ཐོག་ ཉོ་བཙོང་འཐབ་པའི་ ཉེས་འཛུགས་བཀལ་ཡོདཔ་ད་ ཁོང་༤ གི་གྲས་ལས་༡ མཆོད་རྟེན་སློངས་མི་ཚུ་ནང་ འབྲེལ་གནད་ཡོད་མི་ལུ་བརྟེན་ བདའ་ཟུན་ཡོད་པའི་གནས་ཚུལ།

                                                                              རིག་འཛིན་དབང་ཕྱུག།

No comments:

Post a Comment