གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་ས་རྫོང་གི་ ནང་རྟེན་བྱིན་ཅན་ཚུ་གི་རྒྱབ་ཁུངས།

༡༡/༥/༢༠༡༣   ༉ སྤྱི་ལོ་༡༦༡༦ ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ བོད་ལས་ འབྲུག་ལུ་བྱོན་པའི་སྐབས་ གཅིག་ཁར་ཁྱིད་འོང་མི་ ལུག་གི་རོ་དེ་ ད་ལྟོའི་བར་ན་ཡང་ མགར་ས་རྫོང་ནང་ མཇལ་ཚུགས་དོ་ཡོདཔ་ད་ ལུག་གི་རོ་དེ་ རྫོང་གི་ནང་རྟེན་ཚུ་གི་གྲས་ལས་ གཙོ་ཅན་ཅིག་སྦེ་ བརྩི་དོ་ཡོདཔ་ཨིན་པས།
ལུག་གི་རོ།


ལོ་ངོ་༣༩༧ ལང་མི་ ལུག་གི་རོ་དེ་ ད་ལྟོ་ཡང་ གཟུགས་ཀྱི་ཡན་ལག་ཚུ་ལུ་ ཉམས་སྐྱོན་མེད་པར་ ཆ་ཚང་སྦེ་ མཇལ་ཚུགས་དོ་ཡོདཔ་ད་ མ་གཞི་ ལུག་གི་རོ་ལུ་ རྫས་སྦྱོར་དང་སྨན་རིགས་ཚུ་ ག་ནི་ཡང་ མ་བཏབ་པར་ ཤེལ་གྱི་སྒྲོམ་ཅིག་ནང་བཞག་ཡོད་རུང་ ཉམས་སྐྱོན་ག་ནི་ཡང་མེདམི་དེ་ ཡ་མཚན་ཆེ་ཤོས་ཅིག་ཨིན་པས།
ལུག་གི་རོ་དེ་ མཆོད་གཤམ་ཆུང་ཀུ་ཅིག་ནང་བཞག་ཡོདཔ་ད་ རྟེན་མཇལ་བར་འོང་མི་ཚུ་གིས་ ལུག་གི་རོ་དེ་ མཇལཝ་ཅིག་ར་ ཧ་ལས་དོ་ཡོདཔ་ད་ བླམ་གནས་བརྟན་ ཀུན་བཟང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ལུག་དེ་ ཞབས་དྲུང་བོད་ལས་བྱོནམ་ད་ ལུག་༢ བསྣམས་བྱོན་མིའི་གྲས་ལས་༡ ཨིན་མས་ཟེར་ཨིནམ་ད་ གཞན་མི་དེ་ ད་ལྟོ་ ཐིམ་ཕུ་སྤང་རི་ཟམ་པ་ལུ་ཡོདཔ་ད་ མགར་ས་རྫོང་ནང་གི་བཟུམ་མེན་པར་ མགུ་ཏོ་རྐྱངམ་གཅིག་ལས་བརྒལ་མེདཔ་ཨིན་པས།
ལུག་གི་རོ་ཡོད་སའི་ མཆོད་གཤམ་ནང་ རྟེན་གཙོ་ཅན་གཞན་ ཆིབས་རྟ་༦ གི་ སྒ་ཆས་ཚུ་ཡོདཔ་ད་ དེ་ཡང་ ཞབས་དྲུང་གིས་ བོད་ལས་བསྣམས་བྱོན་མི་ཚུ་ཨིནམ་ད་ དེ་ཚུ་ དཔལ་ཡེ་ཤེས་མགོན་པོ་དང་ དམ་ཅན་སྒོ་མོ་ཟེར་ མགར་ས་རྫོང་གི་ཆོས་སྐྱོང་ཚུ་གི་སྒ་ཆས་ཚུ་ཨིནམ་ད་ བླམ་གནས་བརྟན་གྱིས་ སླབ་མིའི་ནང་ སྒ་ཆས་ཚུ་ རྒྱུ་དངུལ་གུ་ གསེར་སྒྲོན་ནུག་ཟེར་ཨིན་པས།
ཞབས་དྲུང་གི་ཆིབས་རྟའི་ སྒ་ཆས་ཚུ།

སྒ་ཆས་ཚུ་ ལྷ་ཁང་གི་ ནང་རྟེན་སྦེ་བཞག་ཡོདཔ་ད་ སྒོ་མོའི་སྒ་དེ་ ལོ་བསྟར་མགར་ས་ཚེས་བཅུའི་སྐབས་ ཞུ་ཞིནམ་ལས་ སྒོ་མོའི་ཆིབས་རྟ་ལུ་བཀལ་ཏེ་ ཆོས་སྐྱོང་སྒོ་མོ་ཞུ་སྲོལ་ཡོདཔ་ཨིན་པས།
དེ་བསྒང་ སྒོ་མོ་དེ་ མགར་ས་རྫོང་གི་ལྟག་ལུ་ དུས་ཡུན་སྐར་མ་༣༠ དེ་ཅིག་ འགྱོ་དགོ་པའི་ས་ཁར་ ལྷ་ཁང་རྙིངམ་ཟེར་མི་ནང་ ཆོས་སྐྱོང་ཆིབས་རྟ་གུ་ ཞུ་དོ་ཡོདཔ་ཨིནཔས།
ལྷ་ཁང་དེ་ སྤྱི་ལོ་༡༦༡༦ ལུ་ ཞབས་དྲུང་རིན་པོ་ཆེ་ ལ་ཡ་ལས་བྱོན་པའི་སྐབས་ ལྷ་ཁང་དེ་ནང་ བཞུགས་ནི་དེ་གིས་ རྩ་ཅན་ཅིག་སྦེ་ བརྩི་དོ་ཡོདཔ་ད་ ལོ་བསྟར་གྱི་ཚེས་བཅུ་དེ་ཡང་ ལྷ་ཁང་དེ་ནང་ལས་སྦེ་ འགོ་བཙུགས་དོ་ཡོདཔ་ཨིན་པས།
མགར་ས་ལས་ སྤུ་ན་ཁ་ ཁ་ཐུག་ ཀི་ལོ་མི་ཊར་༢༥ ལྷགཔ་ཅིག་ འོང་པའི་ལམ་ཁར་ དྭངསམ་སྦྱིས་གཡུས་ཚན་ནང་ ཞབས་དྲུང་རིན་པོ་ཆེ་གི་ ཞབས་ལྷམ་ཆ་༡ ཡང་ མཇལ་ཚུགས་དོ་ཡོདཔ་ད་ ཞབས་ལྷམ་དེ་ ཞབས་དྲུང་གིས་ གནསཔོ་ལྷ་དབང་ཚེ་རིང་ལུ་ གནང་བའི་ལོ་རྒྱུས་ཚུ་ གཡུས་མི་ཚུ་གིས་ བཤདཔ་ཨིན་པས།
ཞབས་ལྷམ་དེ་ ཧེ་མ་ ཚོགས་ལྷམ་བཟུམ་སྦེ་ པུས་མོ་ཚུན་ཡོདཔ་ཨིན་རུང་ ཞབས་ལྷམ་མཇལ་བར་ འོང་མི་ཚུ་གིས་ སྤོག་འབག་ནི་དེ་གིས་ ད་རེས་ ཐུང་ཀུ་ཅིག་ལས་བརྒལ་ མཇལ་མི་ཚུགས་དོ་ཡོདཔ་ཨིན་པས།
ཁྱིམ་གྱི་ཇོ་བདག་ འབྲུག་རྒྱལ་གྱིས་ སླབ་མིའི་ནང་ ཞབས་ལྷམ་དེ་ སྤོག་འབག་མི་ལུ་བརྟེན་ འབྲུག་རྒྱལ་༤ པ་མཆོག་གིས་ ལྡེ་མིག་རྐྱབ་བཞག་དགོཔ་སྦེ་ བཀའ་གནང་བའི་ཤུལ་ལས་ སྒྲོམ་ཆུང་ཀུ་ཅིག་ནང་ ལྡེ་མིག་རྐྱབ་སྟེ་ བཞག་ཡི་ཟེར་ཨིན་པས།
ཞབས་དྲུང་རིན་པོ་ཆེ་མཆོག་ ས་གནས་དེ་ཁར་ གུང་ཞག་དག་པ་ཅིག་ བཞུགས་པའི་སྐབས་ གནསཔ་ལྷ་དབང་ཚེ་རིང་གིས་ སྦྱིན་བདག་འབད་ཐོག་ལས་ གཡུས་མི་ཚུ་ལུ་ ཚེ་དབང་གནང་བཅུག་པའི་ ལོ་རྒྱུས་ཚུ་ཡོདཔ་ཨིན་པས།
ཞབས་དྲུང་རིན་པོ་ཆེ་ ས་གནས་དེ་ཁར་ ཕེབས་པའི་སྐབས་ ཐུགས་བག་ཕེབས་བྱུང་ནི་དེ་གིས་ གཡུས་མིང་ཡང་ དྭངས་སྦྱིས་ཟེར་ བཏགས་གནང་རུང་ སྒྲ་ཉམས་ནི་དེ་གིས་ ད་རེས་ དམ་སྦྱིས་ཟེར་ སླབ་ཡོདཔ་ད་ ཞབས་དྲུང་མཆོག་ ས་གནས་དེ་ཁ་ལས་ ལོག་མགར་ས་རྫོང་ཁ་ཐུག་བྱོན་ཏེ་ ཐིམ་ཕུ་ གླིང་བཞི་རྫོང་བརྒྱུད་དེ་ སྤང་རི་ཟམ་པ་ལུ་ བྱོན་ཡོདཔ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment