གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་འོག་རེ་ནང་ སྣུམ་འཁོར་བོ་ལེ་རོ་དང་ འཕྲུལ་གླང་པ་ཝར་ཊི་ལར་ཚུ་ མཁོ་བསྒྲུབ་འབད་ནིའི་དོན་ལུ་ བསྐྱིན་འགྲུལ་བྱིན་ནིའི་ཁས་བླངས།

༡༠/༥/༢༠༡༣   ༉ ཁ་ཙ་ ན་གཞོན་གོང་འཕེལ་མ་དངུལ་གྱི་ གྲོས་འཛོམས་ཁང་ནང་སྦེ་ མི་སེར་དམངས་གཙོ་ཚོགས་པའི་ ལོ་བསྟར་ཞལ་འཛོམས་འཚོགས་པའི་སྐབས་ རྫོང་ཁག་༢༠ ལས་ མི་གྲངས་༧༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།


ཚོགས་པའི་རྒྱབ་སྐྱོར་པ་ མང་ཤོས་ར་ རྒས་ཤོས་ཚུ་ཨིནམ་ལས་ ཚོགས་པའི་གཙོ་འཛིན་དང་ འདེམས་ངོ་ཚུ་གིས་ གསལ་བཤད་འབདཝ་ད་ ལེགས་ཤོམ་སྦེ་ ཉན་སྡོདཔ་ཨིན་པས།
མི་སེར་དམངས་གཙོའི་ཚོགས་པའི་ གཙོ་འཛིན་འོག་མ་ དམ་ཆོས་རྡོ་རྗེ་གིས་ འདས་པའི་ལོ་༥ འི་རིང་ ལྡོག་ཕྱོགས་ཀྱི་ འགན་ཁུར་འབག་སྟེ་ ལཱ་འབད་བའི་སྐབས་ དཀའ་ངལ་ག་དེ་སྦེ་ར་ ཐོན་ཡོདཔ་ཨིན་ན་དང་ འགན་ཁུར་ག་བཟུམ་ར་ ཕོག་ཡོདཔ་ཨིན་ནའི་སྐོར་ལས་ གསལ་བཤད་འབད་ཡི།
ཚོགས་པ་ལུ་ དོ་འགྲན་སྦོམ་བྱུང་མི་དེ་ཡང་ རྒྱལ་ཡོངས་ཚོགས་འདུ་ནང་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་༢ ལས་མེད་ནི་དེ་གིས་ འགན་ཁུར་འབགཔ་ད་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།
ཁོ་གིས་ རྩ་ཁྲིམས་ཅན་གྱི་ རྩོད་གཞིའི་སྐོར་ལས་ བཤད་མིའི་ནང་ ལྡོག་ཕྱོགས་ཀྱིས་ གཞུང་སྐྱོང་ཚོགས་པ་ལུ་ ཁྲལ་གྱི་གནད་དོན་ཐད་ཁར་ རྩོད་གཞི་བཙུགས་དགོ་མི་དེ་ མིང་གཏམ་འཐོབ་ནིའི་དོན་ལུ་ རྩ་ལས་ར་ མེན་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་འཁྲིལ་རུང་ མི་སེར་ཚུ་ལུ་ ཁྲལ་མ་བཀལ་བའི་ཧེ་མར་ རྒྱལ་ཡོངས་ཚོགས་འདུ་བརྒྱུད་དེ་ རྒྱལ་ཡོངས་ཚོགས་སྡེ་ལས་ འགྱོ་དགོཔ་ཨིན་ཟེར་ཨིན་པས།
ལྡོག་ཕྱོགས་ཀྱི་ འགན་ཁུར་དེ་ར་ གཞུང་སྐྱོང་གིས་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ཏེ་ ལཱ་ཚུ་འབད་དོ་ཡོདཔ་ཨིན་ན་མེན་ན་ ལྟ་རྟོག་འབད་ནི་དང་ ག་དེམ་ཅིག་སྦེ་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་ རང་དབང་གི་ཐད་ལས་ཨིན་པ་ཅིན་ རྒྱབ་སྐྱོར་གང་དྲག་འབད་ནི་ཚུ་ ཨིན་ཟེར་ཨིན་པས།
ཁོང་གིས་ ལོ་༥ འི་རིང་ རྒྱལ་ཁབ་ནང་ བཅའ་ཁྲིམས་༣༨ བརྩམ་ནི་དང་ ཆ་འཇོག་འབད་ནིའི་ནང་ བཅའ་མར་ལེགས་ཤོམ་སྦེ་ གཏོགས་ཅི་ཟེར་ཨིན་པས།
དམ་ཆོས་རྡོ་རྗེ་གིས་འབད་བ་ཅིན་ ལོ་ངོ་༥ འི་ནང་འཁོད་ལུ་ གཞུང་གིས་ བུ་ལོན་ཐེར་འབུམ་༨༢ ལེན་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་ཚུ་ མར་ཕབ་འབད་མ་ཚུགས་ཟེར་ཨིནམ་ད་ དེ་གིས་མ་ཚད་ ན་གཞོན་ལཱ་གཡོག་མ་ཐོབ་མི་དང་ བྱ་ངན་འབད་མི་ཚུ་ཡང་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་འབད་བ་ཅིན་ ཁྲིམས་སྲུང་འགག་པའི་ཐོ་བཀོད་ནང་ ན་གཞོན་དང་འབྲེལ་བའི་དཀའ་ངལ་དང་ ཨར་རྐུན་གྱི་གནད་དོན་༢,༦༠༠ ཐོན་མི་དེ་ སྤྱི་ལོ་༢༠༡༢ ལུ་༤,༧༠༠ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ འབྲུག་རྒྱལ་ཁབ་འདི་ ཉེན་སྲུང་དང་ལྡནམ་བཟོ་ནི་དང་ དཔལ་འབྱོར་གོང་འཕེལ་ཡར་དྲག་གཏང་ནི་ དེ་ལས་ དབུལ་ཕོངས་ཀྱི་ དཀའ་ངལ་བསལ་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་དེ་ སྤྱང་ཀ་ཅིག་ཨིན་རུང་ རྒྱབ་སྐྱོར་འབད་མི་ ལེ་ཤ་ཐོན་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་མི་དང་འཁྲིལཝ་ད་ ག་དེམ་ཅིག་སྦེ་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་འཐོབ་པ་ཅིན་ ས་གནས་གཞུང་ལུ་ མཐུན་རྐྱེན་ཚུ་ ལངམ་སྦེ་བྱིན་ཏེ་ ཡར་དྲག་གཏང་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ རྒེད་འོག་༢༠༥ འི་གྲས་ལས་ ལ་ལུ་ཅིག་ནང་ མཐུན་རྐྱེན་ཚུ་ ཚངམ་སྦེ་ཡོདཔ་ཨིན་རུང་ ལ་ལུ་ཅིག་ནང་ མེདཔ་ལས་བརྟེན་ དབུལ་ཕོངས་ཀྱི་དཀའ་ངལ་ཚུ་ ཐོན་ཏེ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ རྒེད་འོག་ཚུ་ནང་ ཚོང་ཁང་དང་ དངུལ་ཁང་ སྣུམ་འཁོར་བཅོ་ཁང་ཚུ་ གཞི་བཙུགས་འབད་ནི་ཨིནམ་མ་ཚད་ མི་སེར་ཚུ་ ཐོན་སྐྱེད་སྐྱེལ་འདྲེན་འབད་ནིའི་དོན་ལུ་ སྤྱི་འོག་རེ་ནང་ སྣུམ་འཁོར་བོ་ལེ་རོ་དང་ འཕྲུལ་གླང་པ་ཝར་ཊི་ལར་ཚུ་ ཉོ་ནིའི་དོན་ལུ་ མི་སེར་སྡེ་ཚན་གྱི་ བསྐྱིན་འགྲུལ་བྱིན་ནི་ཨིན་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་གྱིས་འབད་བ་ཅིན་ ད་ལྟོ་ རྒེད་འོག་ལྟེ་བ་ཚུ་ནང་ སྣུམ་འཁོར་ལམ་ལྷོད་དེ་འབད་རུང་ སྤུས་ཚད་ལེགས་ཤོམ་མེདཔ་ལས་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབདཝ་ད་ དཀའ་ངལ་བྱུང་དོ་ཡོདཔ་ལས་ འཁོར་ལམ་ཚུ་ རྩི་ནག་གཏང་ནི་ལུ་ གཙོ་བོར་བཏོན་ནི་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment