གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་ ལྕམ་མཁར་ཆུ་གིས་ འཕྱགས་བདའ་ཡོདཔ།

༡༤/༠༥/༢༠༡༣  ༉ སྐྱེས་ལོ་༢༥ དེ་ཅིག་ལང་མི་ ཕོ་སྐྱེས་ཅིག་ སྤྱི་ཟླ་༥ པའི་ཚེས་༡༢ ཀྱི་ ཕྱི་རུ་ཁམས་ཅིག་ཁར་ གཞལམ་སྒང་རྫོང་ཁག་ ཤིང་མཁར་རྒེད་འོག་གི་ ཐེ་རང་ཟེར་ས་ལས་ ལྕམ་མཁར་ཆུ་གིས་ འཕྱགས་བདའ་ཡོདཔ་ཨིན་པས།


ཤིང་མཁར་རྒེད་འོག་གི་ དམངས་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ཡང་ ཕྱི་རུ་ཁམས་ཅིག་ཁར་ ཤིང་མཁར་རྒེད་འོག་གི་དོན་ལུ་ སོ་ནམ་ཤིང་ལམ་ བཏོན་པའི་བསྒང་ཡོད་མི་དེ་ནང་ ལཱ་འབད་ནི་སྦེ་ གླ་ཁར་ལེན་ཡོད་མི་ ས་བརྐོ་འཕྲུལ་ཆས་དེ་ ལྕམ་མཁར་ཆུ་ བརྒལ་འགྱོ་ནིའི་དོན་ལུ་ དཔའ་བཅམ་པའི་སྐབས་ གཙང་ཆུའི་རྫིང་ཅིག་ནང་ འགྱེལ་འགྱོཝ་ད་ གཙང་ཆུ་གིས་ འཕྱགས་བདའ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་བྱུང་བའི་སྐབས་ ལས་མི་གཞན་ཚུ་ཡོད་པའི་ཁར་ འཕྲུལ་ཆས་ཀྱི་ ཇོ་བདག་དེ་ཡང་ ཡོདཔ་ཨིན་རུང་ གཙང་ཆུ་དེ་ མི་གིས་བརྒལ་མ་ཚུགས་མི་ལུ་བརྟེན་ ག་ནི་ཡང་ འབད་མ་ཚུགས་ཟེར་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ པདྨ་དགའ་ཚལ་ལས་ཨིན་པའི་ ལོ་རྒྱུས་ཡོདཔ་ཨིན་རུང་ སྐྱེས་ལོ་ག་དེམ་ཅིག་ཨིན་ན་ གཏན་འཁེལ་སྦེ་ མི་ཤེས་དོ་ཡོདཔ་ཨིན་པས།
རྐྱེན་ངན་མ་བྱུང་བའི་ཧེ་མར་ འཕྲུལ་ཆས་གཞན་མི་ཅིག་གིས་ ཆུ་བརྒལ་ཚུགས་རུང་ རྐྱེན་ངན་བྱུང་མི་འཕྲུལ་ཆས་དེ་ གཙང་ཆུའི་ རྫིང་ཅིག་གི་ཁ་ཐུག་ལུ་ འགྱོ་ནི་དེ་གིས་ ཐིམ་འགྱོཝ་ད་ ཕོ་སྐྱེས་དེ་ འཕྱགས་བདའ་ཡོདཔ་ད་ ཁ་ཙ་ཚུན་ གཙང་ཆུའི་མཐའམ་བདའ་སྟེ་ ཚེ་འདས་ཕོ་སྐྱེས་དེ་གི་ཕུངམ་ འཚོལ་ཞིབ་འབད་ཡོད་རུང་ འཚོལ་མ་ཐོབ་ཨིན་པས།
གཡུས་སྒོའི་དམང་ཨཔ་གིས་ སླབ་མིའི་ནང་ ས་གནས་ཀྱི་ མི་༢༠ ལྷགཔ་ཅིག་གིས་ ཐེ་རང་ཟམ་ལས་ འགོ་བཙུགས་ཏེ་ བར་དོ་རྒེད་འོག་གི་ ཐང་རྫོང་ཟམ་ཚུན་ ཀི་ལོ་མི་༡༠ དེ་ཅིག་གི་ས་ཁར་ ཕུངམ་འཚོལ་ཞིབ་འབད་ཡོད་རུང་ འཚོལ་མ་ཐོབ་ཟེར་ཨིན་པས།
འཕྲུལ་ཆས་དེ་ གཙང་ཆུ་ནང་ ཐིམ་ཡོདཔ་ལས་ ལེགས་ཤོམ་སྦེ་ མཐོང་མ་ཚུགས་པའི་ཁར་ ཕྱི་ཁར་བཏོན་ནི་ལུ་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།
འཕྲུལ་ཆས་དེ་ ལམ་བསལ་ནི་གི་དོན་ལུ་ ཇོ་བདག་གིས་ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ལས་ གསརཔ་ཉོ་སྟེ་ འབག་འོངམ་ཅིག་ཨིན་པས།
སོ་ནམ་ཞིང་ལམ་དེ་ ད་ལྟོ་ ཉིམ་གཤོང་གཡུས་ཚན་ནང་ལས་ བསལ་ཚར་ཏེ་ བར་དོ་དང་ ཤིང་མཁར་རྒེད་འོག་ལྟེ་བ་གཉིས་ནང་ བསལ་ནིའི་དོན་ལུ་ ལཱ་ཚུ་འགོ་བཙུགས་ཡོདཔ་ཨིན་པས།
གཞལམ་སྒང་གི་ ཁྲིམས་སྲུང་འགག་པ་ཚུ་ ཁ་ཙ་ཕྱི་རུ་ཁམས་ཅིག་ཁར་ རྒེད་འོག་ནང་ ལྷོད་ཡོདཔ་ད་ ཚེ་འདས་ཀྱི་ཕུངམ་དེ་ ད་རེས་ ལོག་སྟེ་ར་ འཚོལ་ནི་གི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

                                                                              བཀྲ་ཤིས་བསྟན་འཛིན།

No comments:

Post a Comment