གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལཱ་གི་ཁྱད་པར་ལུ་བལྟ་ནི་མེན་པར་ འོང་འབབ་ལུ་ལྟ་དགོཔ་གལ་ཆེཝ།

རྒྱལ་པོའི་ཞིང་ཁྲོམ་ཁར་ ཚོད་བསྲེ་བཙོངམ་དང་འབྲེལ་ 
ཐགས་འཐག་སྡོད་མི་ རྟ་མགྲིན་དབང་ཕྱུག།
༡༤/༠༥/༢༠༡༣  ༉ ཡོངས་གྲགས་ལུ་ འཇིག་རྟེན་པའི་དཔེ་གཏམ་ལས་ དུས་སྟབས་གཅིག་ལུ་ རྡོ་གཅིག་གིས་ བྱ་༢ བསད་མི་ཚུགས་ཟེར་ སླབ་སྲོལ་ཡོད་མི་དེ་ ཀི་དེབ་ནང་མ་གཏོགས་ དོན་ངོ་མ་ལུ་ སྐྱེས་ལོ་༣༠ ལང་མི་ རྟ་མགྲིན་དབང་ཕྱུག་བཟུམ་ཅིག་ལུ་འབད་བ་ཅིན་ དཔེ་གཏམ་དེ་ རྩ་ལས་ར་ མི་བདེན་དོ་ཡོདཔ་ཨིན་པས།


དེ་ཡང་ མོང་སྒར་ རྒྱལ་པོའི་ཞིང་གི་ ཚོད་བསྲེ་བཙོང་ཁང་ནང་ ཚོད་བསྲེ་བཙོང་མི་ རྟ་མགྲིན་དབང་ཕྱུག་གིས་ ཚོད་བསྲེ་བཙོང་པའི་གཞོར་ཁར་ སྤང་ཐགས་ཡང་ འཐག་དོ་ཡོདཔ་ལས་ ཚོད་བསྲེ་ཉོ་མི་ཚུ་ ཧ་ལས་པའི་གཞི་ལུ་གྱུར་བཅུག་མི་དེ་ཡང་ ཁོ་ར་ ཕོ་སྐྱེས་ཨིན་རུང་ མི་ཚུ་གིས་གདོང་ཁར་ སྤང་ཐགས་ཚུ་ ཨམ་སྲུ་བ་དྲགཔ་སྦེ་ འཐག་མི་ལུ་བརྟེན་ཨིན་པས།
དེ་འབདཝ་ལས་ ཁོ་གིས་ དངུལ་གྱི་འོང་འབབ་ཐོན་ཁུངས་ ཁག་༢ བཟོ་ཚུགས་དོ་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་ཚོད་བསྲེ་བཙོང་ཁང་ནང་ འགྱོ་བལྟ་བ་ཅིན་ ཚོད་བསྲེ་བཙོང་མི་ མང་ཤོས་ར་ ཨམ་སྲུ་ཚུ་ཨིན་རུང་ མི་ཚུ་གི་མཐོང་སྣང་ལུ་ ཉིན་མ་ཚོད་བསྲེ་ཉོ་མི་མེད་པའི་བསྒང་ལས་ ཨམ་སྲུ་ལ་ལུ་ཅིག་གིས་ ཉལ་སྡོད་པའི་ཁར་ ལ་ལུ་ཅིག་གིས་ བཤད་ཐོ་བཏང་སྡོད་སར་ མཐོངམ་ཨིན་པས།
ཨིན་རུང་ རྟ་མགྲིན་དབང་ཕྱུག་གི་ཐད་ཁར་ རྩ་འགེངས་ཏེ་ སྤང་ཙེ་དཀྱི་ར་འཐག་སྡོད་སར་ མཐོང་དོ་ཡོདཔ་ད་ དེ་ཡང་ ཁོ་ར་ ད་ལྟོ་ གཉེན་གྲོགས་མེདཔ་ལས་ སྤུན་ཆ་ལེ་ཤ་ཅིག་ སློབ་གྲྭ་ནང་གཏང་ནིའི་དོན་ལུ་ ཟད་འགྲོ་ཀྱི་ ཆ་རོགས་འབད་དགོཔ་ལས་ བརྟེན་ཨིན་པས།
རྒྱལ་པོའི་ཞིང་གི་ས་གནས་དེ་ ད་རེས་ནངས་པ་ ཚ་དྲོད་ཡར་འཕར་འགྱོ་བའི་ དུས་ཚོད་ཅིག་ཨིནམ་ལས་བརྟེན་ དྲོད་ཀྱིས་འབད་མ་ཚུགས་པར་ དོརམ་ཆུང་ཀུ་ཅིག་དང་ ཁེན་འཇར་ཅིག་ གྱོན་དགོ་དོ་ཡོདཔ་ད་ འགོ་དང་པ་ མཐོང་མི་ཚུ་གི་སེམས་ཁར་འབད་བ་ཅིན་ ཁོ་ར་ ཐགས་འཐག་དོ་བཟུམ་ཅིག་གི་ སྣང་བ་མེན་པར་ བཟོ་སྐྲུན་དང་ ཁག་འབག་ནང་ ལཱ་འབད་མི་བཟུམ་སྦེ་ མཐོང་དོ་ཡོདཔ་ཨིན་པས།
རྟ་མགྲིན་དབང་ཕྱུག་ཁོ་ར་ སྐྱེས་ས་ བཀྲིས་སྒང་ ཝམ་རོང་ལས་ཨིན་རུང་ ཨཔ་དང་ཨའི་༢ ཆ་ར་ ལམ་སེལ་ལས་ཁུངས་ནང་ ལཱ་འབད་མི་ཨིནམ་ལས་ ཡོན་ཏན་སྦྱང་ནིའི་དོན་ལུ་ སློབ་གྲྭ་ནང་མ་བཙུགས་རུང་ ད་རེས་ནངས་པ་ ཁོ་གིས་ གོ་དང་ དཀྱི་ར་མ་འདྲཝ་ཚུ་ འཐག་དོ་ཡོདཔ་ལས་བརྟེན་ ས་གནས་དེ་ཁའི་ མི་སེར་ཚུ་ལུ་ ཡོངས་གྲགས་ཐོན་ཏེ་ཡོདཔ་ལས་ ཁོ་ར་གིས་ ཁོ་ར་ལུ་བལྟ་སྟེ་ ངལ་རངས་དོ་ཡོདཔ་ཨིན་པས།
ཁོ་གིས་ ཐགས་འཐག་ནིའི་ལཱ་དེ་ སྐྱེས་ལོ་༡༠ ལས་ འགོ་བཙུགས་ཡོདཔ་ད་ ཕོ་སྐྱེས་གཞན་ཚུ་བཟུམ་སྦེ་ ཁེ་སང་བཟོ་ནིའི་ལཱ་འབད་ནི་ལུ་ སྤྲོ་བ་མེད་ཟེར་ཨིནམ་ད་ ཐགས་འཐག་ནི་དེ་ གཞན་ག་ལས་ཡང་ ལྷབ་ལྷབ་མེད་རུང་ སྤྲོ་བ་སྦོམ་ཡོད་མི་ཅིག་འབདཝ་ལས་ རང་བཞིན་གྱིས་ ཤེས་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་ ཚོད་བསྲེ་ཚུ་བཙོང་སྟེ་ ཉིན་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༡,༠༠༠ རེ་ བཟོ་ཚུགས་པའི་ཁར་ ཕོ་གོ་དཀར་རྐྱང་འཐག་ནི་ལུ་ཉིནམ་༤ དང་༥ དེ་རེ་ འགོརཝ་མས་ཟེར་ཨིནམ་ད་ མོ་གོ་འབད་བ་ཅིན་ ཉིནམ་༣ དེ་རེ་ འགོར་དོ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ སྐུད་ཤུ་ཐགས་རས་ཡང་ འཐག་ནི་ཡོད་རུང་ མིག་ཏོ་ལུ་ ཐོ་ཕོག་ནི་འགོ་བཙུགས་ཡོདཔ་ལས་ ད་རེས་ནངས་པ་ དཀར་རྐྱང་མ་གཏོགས་ གཞན་འཐག་ནི་ མེད་ཟེར་ཨིན་པས།
གོ་དང་ དཀྱི་ར་ཉོ་མི་ཡང་ མོང་སྒར་དང་ རྒྱལ་པོའི་ཞིང་ཁྲོམ་ལས་ ཁོ་རའི་ངོ་ཤེས་མི་ཚུ་འོང་དོ་ཡོདཔ་ད་ དེ་ཡང་ ཕོ་གོ་ལུ་འབད་བ་ཅིན་ གོང་ཚད་དངུལ་ཀྲམ་༣,༠༠༠ དང་༦,༠༠༠ གི་བར་ན་ སླབ་དོ་ཡོདཔ་ད་ མོ་གོ་འབད་བ་ཅིན་ གོང་ཚད་དངུལ་ཀྲམ་༡,༥༠༠ ལས་༣,༠༠༠ ཀྱི་བར་ན་ སླབ་དོ་ཡོདཔ་ལས་ སྤུན་ཆ་ཚུ་གི་དོན་ལུ་ ཟད་འགྲོ་གཏང་ནི་ལུ་ དཀའ་ངལ་མི་འབྱུང་པས་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་སླབ་མིའི་ནང་ ཕོ་སྐྱེས་ཚུ་གིས་ ཁོ་ལུ་ མོ་རིངམོ་ཟེར་ སླབ་དོ་ཡོདཔ་ལས་ ཁོ་གིས་འབད་བ་ཅིན་ ལཱ་ག་ཅི་འབད་རུང་ རང་གི་འཚོ་སྐྱོང་འཐབ་ནིའི་དོན་ལུ་ཨིནམ་ལས་ ལཱ་ལུ་བལྟ་ནི་མེན་པར་ ལཱ་གི་གྲུབ་འབྲས་ལུ་ བལྟ་དགོ་ཟེར་ཨིནམ་ད་ ད་རེས་ནངས་པ་ ཁོ་རའི་ སྤུན་ཆ་ཚུ་ལུ་ ཟད་འགྲོ་བཏང་དོ་ཡོདཔ་ལས་ མ་འོངས་པ་ལུ་ ཁོ་གི་ལཱ་ལུ་ རྒྱབ་སྐྱོར་འབད་མི་ ཨམ་སྲུ་ཅིག་ འཚོལ་ནིའི་ རེ་བ་ཡོད་ཟེར་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་མིའི་ནང་ ཁོ་གིས་འཐག་མི་གོ་ལ་ཚུ་ ཨམ་སྲུ་ཚུ་གིས་འཐག་མི་དང་ཕྱདཔ་ད་ ཁྱད་པར་མཐོང་མི་དེ་ཡང་ ཏགམ་སྒྲིང་སྒྲིང་སྦེ་ རྐྱབ་ནི་དེ་གིས་ སྤུས་ཚད་ལེགས་ནི་དེ་གིས་ཨིན་པས།
ཁོ་ར་གིས་འབད་རུང་ ཕོ་སྐྱེས་ཀྱིས་འཐག་མི་གོ་ལ་དེ་ སྲུང་སྐེད་བཟུམ་ཅིག་ཨིནམ་ལས་ སྲུང་སྐེད་དགོ་འདོད་ཡོད་མི་ཚུ་གིས་ རྒྱལ་པོའི་ཞིང་ལས་ འཐོབ་ཚུགས་ཟེར་ སླབ་ཨིན་པའི་གནས་ཚུལ།

                                                                       མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment