གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ།

༡༥/༠༥/༢༠༡༣  ༉ ཁ་ཙ་ ཆེ་མཐོ་ཁྲིམས་ཁྲི་༢ པ་གིས་ དབང་འདུས་ཕོ་བྲང་ ཐོག་མ་ཁྲིམས་འདུན་ལས་གནང་མིའི་འཁྲུན་ཆོད་དེ་ ཕྱོགས་ལྷུང་མེད་པར་ ཁྲིམས་ཀྱི་རིང་ལུ་དང་འཁྲིལ་ དྲང་བདེན་སྦེ་ ཉེས་ཁྲིམས་བཀལ་ཡོདཔ་ལས་ སྐྱེས་ལོ་༢༩ འབད་མི་ ཀུན་བཟང་རྣམ་རྒྱལ་ལུ་ བཙོན་ཁྲིམས་ལོ་༩ བཀལ་མི་དེ་ རང་འཇགས་ཐོག་ལུ་ འཁྲུན་ཆོད་གནང་ཡི།


ཉེས་འཛུགས་ཕོག་མི་ ཀུན་བཟང་རྣམ་རྒྱལ་གྱིས་ ཐོག་མའི་ཁྲིམས་འདུན་ལས་ གནང་མི་འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་ཞུ་དགོ་པའི་ གནད་དོན་དེ་ཡང་ སྐྱེས་ལོ་༡༦ ལང་མི་བུམོ་དང་གཅིག་ཁར་ སྤྱི་ལོ་༢༠༡༣ ཟླ་༢ པའི་ཚེས་༡ གི་ནུབ་མོ་ཆུ་ཚོད་༢༤ ཙམ་ལུ་ མོས་མཐུན་ཐོག་ལས་ འདོད་སྤྱོད་འབད་ཡོདཔ་སྦེ་ ཨིན་པས།
ཁོང་ར་༢ སེམས་མཐུན་ཐོག་ལས་ འཐུས་ཤོར་བྱུང་ཡོདཔ་མ་གཏོགས་ ཁོ་གིས་ བུམོ་དེ་ དབང་བཙོང་ཐོག་ལས་ འཁྲིག་སྤྱོད་འབད་འབདཝ་མེད་ཟེར་ ཞུ་ཡོདཔ་མ་ཚད་ བུམོ་དེ་ ཁོ་དང་མཉམ་སྡོད་པའི་སྐབས་ བུམོ་གི་སྤུན་ཆ་ཚུ་གིས་ བྱང་སྟོར་ཤོར་བའི་སྐོར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག་ཟེར་ཨིན་པས།
མཐོ་གཏུགས་པ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དེ་ བྱང་སྟོར་ཤོར་བའི་སྐོར་ལས་མ་གཏོགས་ བུམོ་ལུ་ དབང་བཙོང་འདོད་སྤྱོད་ཀྱི་སྐོར་ལས་མེནམ་ལས་ རྩོད་བཤེར་ཕྱེ་ནི་མེདཔ་སྦེ་ ཞུ་བའི་ཁར་ ཉེས་ཁྲིམས་ཕོག་མི་དེ་ཡང་ སྐྱིད་སྡུག་གཟིགས་དགོཔ་སྦེ་ ཞུ་ནུག།
དེ་བཟུམ་སྦེ་ རྩ་བོ་༢ ཆ་རའི་ཁ་ཐུག་ལས་ ཉེས་ཁྲིམས་གསོལ་བ་བཏབ་པའི་ཁར་ བུམོ་དེ་ སྔོན་མ་ གཉེན་གྲོགས་དང་ གཉེན་ཡ་བྲལ་སོང་མི་ཅིག་ཨིནམ་ལས་ དབང་བཙོང་འབད་འབདཝ་མེད་པའི་ཁར་ དང་པ་ ཁྲིམས་དགོངས་ཡང་གནང་ཐབས་དང་ གཉིས་པ་ ཉེས་ཁྲིམས་མར་ཕབ་འབད་ནི་ གསུམ་པ་ ཉེས་ཁྲིམས་ཕོག་མི་དེ་ ཁྲིམས་འཐུས་ཕུལ་ནི་ཡོདཔ་ཅིག་ མཛད་གནང་ཟེར་ ཞུ་དགོ་པའི་གནད་དོན་ཡང་ ཁོ་ར་ལུ་ གནས་ཚང་དང་ བུ་གཞི་ཁ་ཕྲ་བ་༢ དེ་ལས་ ཕམ་རྒན་རྒས་༢ གསོ་སྐྱོང་འཐབ་དགོཔ་ཡོདཔ་ལས་ སྐྱིད་སྡུག་གཟིགས་གནང་ཟེར་ ཞུ་ཡོདཔ་ཨིན་པས།
ཁོང་ར་༢ མོས་མཐུན་ཐོག་ལས་ འཁྲིག་སྤྱོད་འབད་རུང་ བུམོ་དེ་ ལོ་༡༨ མན་ཆད་འབད་མི་ཅིག་འབདཝ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དགོངས་དོན་དང་འཁྲིལ་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ ལུས་འབྲེལ་འབད་བ་ཅིན་ བཙན་གཡེམ་གནོད་འགེལ་གྱི་ ཉེས་སྐྱོན་ཨིནམ་སྦེ་ རྩིས་དགོཔ་ལས་བརྟེན་ དབྱེ་རིམ་༢ པའི་ཁྲིམས་ཚད་ དུས་ཡུན་དམའ་ཤོས་ལོ་༩ བཀལ་ཡོདཔ་ཨིན་པས།
ཨིན་རུང་ ཁོ་ར་ དོ་དམ་འོག་ལུ་ ཉིན་གྲངས་༢༩ སྡོད་ཡོདཔ་ལས་ ལོ་༨ དང་ཟླ་༡༡ ཉིན་གྲངས་༡ བཙོན་ཁྲིམས་བཀལ་ཡོདཔ་ད་ མཐོ་གཏུགས་ཀྱི་བཤེར་ཡིག་འདི་ ཕྱིར་འབུད་མཛད་དེ་ ཐོག་མའི་ཁྲིམས་འདུན་ལས་ གནང་བའི་འཁྲུན་ཆོད་དེ་ ཉེ་འགྱངས་ཕྱོགས་ལྷུང་མེད་པར་ དྲང་བདེན་ཐོག་གནང་ཡོདཔ་ལས་ བསྟར་སྤྱོད་འབད་ཡོདཔ་ཨིན་རུང་ གལ་སྲིད་ ག་གིས་ཧོངས་ལས་ ཁེ་རྒུད་མ་བཏུབ་པ་ཅིན་ ཞག་གྲངས་༡༠ གྱི་ནང་འཁོད་ མཐོ་གཏུགས་འབད་ཆོགཔ་སྦེ་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

                                                                          བཀྲིས་ཕུན་ཚོགས།

No comments:

Post a Comment