གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ ཕྱོགས་ལྷུང་མེད་པར་ བརྡ་དོན་སྤེལ་དགོཔ།

༠༢/༠༥/ ༢༠༡༣  ༉ བརྡ་བརྒྱུད་ནང་ ལཱ་འབད་མི་ཚུ་ལུ་ བཙག་འཐུ་དང་འབྲེལ་བའི་ ཁྲིམས་ཡིག་དང་ ལམ་ལུགས་ཚུ་གི་ གོམས་འདྲིས་སློབ་སྦྱོང་བྱིན་མི་དེ་གིས་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་སྐབས་ གནས་ཚུལ་ཚུ་ ཕྱོགས་ལྷུང་མེད་པར་ འདྲ་མཉམ་དང་ དྲང་བདེན་ཐོག་ལས་ ཁྱབ་སྤེལ་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།


དེ་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༣༠ ལུ་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ བཙག་འཐུའི་ཁྲིམས་ཡིག་དང་ ལམ་ལུགས་ དེ་ལས་ འབག་ཆོགཔ་དང་ མ་ཆོགཔ་གི་སྐོར་ལས་ གསལ་བཤད་འབད་དེ་ བརྡ་བརྒྱུད་དང་འབྲེལ་བའི་ བཙག་འཐུའི་ ཤེས་རྟོགས་ཚུ་ དུས་མཐུན་བཟོ་ཡི།
བཙག་འཐུ་འགོ་དཔོན་ཚུ་གིས་འབད་བ་ཅིན་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ བཙག་འཐུའི་ནང་ དོ་འགྲན་འབད་མི་ སྲིད་ཚོགས་༥ ལུ་ ཆགས་སྡང་ཕྱོགས་རིས་ག་ནི་ཡང་མེད་པར་ གནས་ཚུལ་གྱི་ ཁྱབ་དབང་འདྲ་མཉམ་བྱིན་ཏེ་ རྒྱལ་ཡོངས་ལུ་ བརྡ་སྤེལ་དགོ་པའི་འགན་ཁུར་རྩ་ཅན་འབག་དགོཔ་ གལ་ཆེ་ཟེར་ཨིན་པས།
དེ་བསྒང་ གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ འདས་པའི་རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་སྐབས་ འབྲུག་གི་དངུལ་ཁང་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་ ལས་འཛིན་ དེ་ལས་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་མ་བྱིན་པའི་ གནད་དོན་ག་ཅི་ཨིན་ན་ཟེར་ དྲི་བའི་ལན་ལུ་ བཙག་འཐུ་ལྷན་ཚོགས་ཀྱི་ ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤད་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ གོ་སྐབས་བྱིན་དང་ བྱིན་བཞིན་དུ་ཡོད་རུང་ ཟད་འགྲོ་ལྕི་དྲགས་པའི་ཁར་ འབྲེལ་ཡོད་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་ ལཱ་མང་དྲགས་ནི་དེ་གིས་ བྱ་སྟབས་མ་བདེ་བའི་ དཀའ་ངལ་འདྲ་མིན་སྣ་ཚོགས་བྱུངམ་མས་ཟེར་ཨིན་པས།
ད་རུང་ ཕྱིའི་རྒྱལ་ཁབ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་དང་ རང་གིས་ ཟད་འགྲོ་བཏང་སྟེ་ འཕྲོ་མཐུད་ཤེས་ཡོན་སྦྱང་མི་ཚུ་ལུ་ སྲིད་ཚོགས་ནང་ བཅའ་མར་གཏོགས་ནི་གི་ དང་འདོད་ཡོད་པ་ཅིན་ ཁོང་ལུ་ གོ་སྐབས་དང་ བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ ཁྱད་ཚད་ག་ཅི་ར་དགོཔ་ཨིན་ན་ ཞུ་མི་ལུ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་འབད་བ་ཅིན་ འདེམས་ངོ་སྦེ་ འཛུལ་འདོད་ཡོད་མི་ལུ་ མཐོ་རིམ་ཤེས་ཚད་ངེས་པར་དུ་ དགོཔ་མ་ཚད་ མཐོ་རིམ་ཤེས་ཚད་ཡོད་རུང་ རྒྱལ་གཞུང་གཙུག་ལག་སློབ་སྡེ་ལས་ བཙག་འཐུ་ནང་ འཛུལ་ཞུགས་འབད་ཆོག་པའི་ གནང་བ་དགོ་ཟེར་ཨིན་པས།
དེ་མ་ཚད་ སྲིད་དོན་ནང་ བཅའ་མར་གཏོགས་འདོད་ཡོད་མི་ མི་ངོ་དེ་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་གྱི་ ལག་ཁྱེར་རྐྱངམ་གཅིག་གིས་མ་དོ་བར་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ཚུ་དང་འཁྲིལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབངས་མི་སེར་ རྒྱལ་གཞུང་ དེ་ལས་ མི་སྡེ་ཚུ་ལུ་ ཕན་ཐོགས་ཚུགས་པའི་ ཡོན་ཏན་དང་ ལྕོགས་གྲུབ་ ཁ་སྐད་ རིག་རྩལ་ ཉམས་མྱོང་ དེ་ལས་  འོས་འབབ་ལྡན་པའི་ ཤེས་ཚད་དགོ་ཟེར་ ལྷན་འཛིན་སྤྱི་ཁྱབ་ཀྱིས་ དོགས་སེལ་འབད་ཡི།
དེ་འབདཝ་ད་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་རུང་ རྒྱལ་བློན་འབངས་༣ ལུ་ ཕྱག་ཕྱིད་ཞུ་ཚུགས་པའི་ ལྕོགས་གྲུབ་དང་ རིག་རྩལ་ ཁྱད་པར་ དེ་ལས་ ཉམས་མྱོང་ མེདཔ་སྦེ་ བཙག་འཐུ་གྲུབ་སོང་རུང་ ཕན་ཐོགས་མེད་པ་ཅིན་ སྔོན་གོང་ལས་ འབྲེལ་བ་ཡོད་པའི་ འགོ་དཔོན་ཚུ་གིས་ དབྱེ་ཞིབ་འབད་དེ་ བཙག་འཐུ་འབད་དགོཔ་གལ་ཆེ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་དང་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ རེ་འདོད་ཡོད་མི་ སྲིད་ཚོགས་༥ གིས་ བཙག་འཐུ་ལྷན་ཚོགས་ལུ་ དོ་འགྲན་ཁས་ལེན་ཡི་གུ་ཚུ་ བཙུགས་ནི་གི་ ཞག་དུས་མཇུག་ར་ སྤྱི་ཟླ་༥ པའི་ཚེས་༥ ལུ་ཨིནམ་ད་ གལ་སྲིད་ སྲིད་དོན་ཚོགས་པ་གང་རུང་ཅིག་གིས་ འདེམས་ཁོངས་༤༧ གྱི་ འདེམས་ངོ་ཕུད་རྡོག་གཅིག་ ཚང་མ་ཚུགས་པ་ཅིན་ སྲིད་ཚོགས་དེ་ ཆ་མེད་གཏང་ནི་གི་ འོས་འབབ་ཡོདཔ་ཨིན་པའི་གནས་ཚུལ།

               བཀྲིས་ཕུན་ཚོགས།

No comments:

Post a Comment