གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐངཔ་ཚུ་ལུ་ དོགས་སྣང་མ་འདྲཝ།

༡༥/༠༥/༢༠༡༣  ༉ བུམ་ཐང་རྫོང་ཁག་གི་ སྤྱིར་བཏང་གྲོས་འཛོམས་དེ་ སྤྱི་ཟླ་༥ པའི་ཚེས་༡༣ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྲིད་དོན་ཚོགས་པ་༤ གི་ འདེམས་ངོ་ཚུ་གིས་ ཁོང་གི་ཚོགས་པ་ལུ་ ཡིད་ཆེས་བསྐྱེད་དེ་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་དགོ་པའི་ གསོལ་འདེབས་ཚུ་ འབད་དོ་ཡོད་རུང་ བུམ་ཐངཔ་ལ་ལུ་ཅིག་གིས་ ཁས་བླངས་དེ་ཚུ་ལུ་ བློ་མི་གཏད་དོ་ཡོདཔ་ཨིན་པས།


འདས་པའི་གཞུང་གིས་ ཁོང་གིས་འབད་ཚུགས་མི་ཚུ་ ལེགས་ཤོམ་སྦེ་ འབད་ཡོད་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ གཞུང་སྐྱོང་ནི་དེ་ ཚོགས་པ་གསརཔ་ཅིག་ འོང་པ་ཅིན་ མི་དྲག་ག་ཟེར་བའི་ བསམ་འཆར་ཚུ་ བཀོད་དོ་ཡོདཔ་ཨིན་པས།
ཨིན་རུང་ མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ འདས་པའི་གཞུང་སྐྱོང་ཚོགས་པ་གིས་ ཁས་བླངས་འབད་མི་ལ་ལུ་ འགྲུབ་མ་ཚུགས་པར་ ལུས་ཡོད་རུང་ ཚོགས་པ་དེ་ ལོག་སྟེ་ར་ བཙག་འཐུ་འགྲུབ་པ་ཅིན་ ཧེ་མ་ འབད་མ་ཚུགས་པར་ ལུས་མི་ཚུ་ ཚོགས་པ་དེ་གིས་ར་ འཕྲོ་མཐུད་འབད་ཚུགསཔ་འོང་ཟེར་ སླབ་མི་ཡང་ ཐོན་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༥༦ ལང་མི་ དོན་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་སྐབས་ལུ་ སྟབས་མ་བདེཝ་དང་ དཀའ་ངལ་ཚུ་ ཐོན་ཡོད་རུང་ དེ་ཚུ་ག་ར་ ཁོང་གིས་ བསལ་ཚུགས་ནི་ཨིནམ་ལས་ ཚོགས་པ་གསརཔ་འོང་པ་ཅིན་ ཚོགས་པ་དེ་གིས་ དཀའ་ངལ་དེ་ཚུ་ བསལ་ནི་ལུ་ དུས་ཚོད་འགོར་འོང་ཟེར་ཨིན་པས།
ཆུ་སྨད་ལས་ སྐྱེས་ལོ་༦༡ ལང་མི་ བཀྲ་ཤིས་རྡོ་རྗེ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་དེ་ ལོག་བཙག་འཐུ་འགྲུབ་པ་ཅིན་ ཉམས་མྱོང་ཡོདཔ་ལས་ འབད་ཚུགས་འོང་ཟེར་ཨིནམ་ད་ ཚོགས་པ་གསརཔ་གསུམ་གྱིས་ཡང་ ཁས་བླངས་ལེ་ཤ་འབད་དོ་ཡོདཔ་ལས་ ག་གིས་འབད་ཚུགས་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ འདེམས་ངོ་ཚུ་གིས་ བཙག་འཐུ་འགྲུབ་པའི་ཤུལ་ལས་ རྫོང་ཁག་དང་ རྒེད་འོག་ནང་ འོང་མི་བཏུབ་པས་ཟེར་ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ གློག་མེ་དང་ ལྟ་བཤལ་ སོ་ནམ་ བཟོ་སྐྲུན་ དེ་ལས་ འཁོར་ལམ་ཚུ་བྱིན་ནི་གི་ ཁས་བླངས་འབད་དོ་ཡོདཔ་ད་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཨམ་སྲུ་དབང་ཆ་བྱིན་ནི་དང་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་བསལ་ནི་ གཡོག་གི་གོ་སྐབས་བཟོ་ནི་ དེ་ལས་ སྤུས་ཚད་ཅན་གྱི་ ཤེས་རིག་བཟོ་ནི་གི་ ཁས་བླངས་ཚུ་ འབད་དོ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ ཕྱུགཔོ་དང་སྤྱང་ཀའི་བར་ན་ དབྱེ་བ་ཉུང་སུ་བཟོ་ནི་དང་ གྲོང་གསེབ་ནང་ རྒྱབ་སྐྱོར་མངམ་བྱིན་ནི་ མི་ཁུངས་ཀྱི་ ཁེ་ཕན་བཅའ་ཁྲིམས་ཚུ་བཟོ་སྟེ་ ས་གནས་གཞུང་གི་ ལཱ་འབད་མི་ཚུ་གི་ ཁེ་ཕན་ཚུ་ ཡར་སེང་འབད་ནིའི་ ཁས་བླངས་ཚུ་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱི་འོག་ནང་ འཕྲུལ་གླང་ པ་ཝར་ཊི་ལར་བྱིན་ནི་དང་ རྫོང་ཁག་ག་ར་ནང་ ས་རྐོ་འཕྲུལ་ཆས་ དེ་ལས་ འཁོར་ལམ་ཚུ་ནང་ རྩིས་ནག་གཏང་ནི་ རྫོང་ཁག་ག་རའི་ནང་ ལྟོ་ཐོབ་སློབ་གྲྭ་བཙུགས་ནི་ སློབ་ཕྲུག་ཚུ་ལུ་ གནམ་གྲུའི་གི་ཞབས་ཏོག་བྱིན་ནི་གི་ ཁས་བླངས་ཚུ་ཡོདཔ་ཨིན་པས།
སྐྱེས་ལོ་༤༠ ལང་མི་ རྣམ་རྒྱལ་དབང་མོ་གིས་ དེ་བཟུམ་མའི་ཁས་བླངས་ཚུ་ འདས་པའི་ལོ་ལྔའི་ཧེ་མ་ཡང་ ཚར་ཅིག་གོ་ཡོདཔ་ལས་ ད་རེས་ཡང་ ཚོགས་པ་ཚུ་གིས་ ལེ་ཤ་ཅིག་ར་ སླབ་ནི་འདུག་ཟེར་ཨིནམ་ད་ གཞུང་གསརཔ་ཅིག་ བཙག་འཐུ་འབད་དགོཔ་འདུག་ཟེར་ཨིན་རུང་ ག་ལུ་ རྒྱབ་སྐྱོར་འབདན་ན་ ད་ལྟོ་བློ་ཐག་མ་བཅད་ཟེར་ཨིན་པས།
བུམ་ཐང་གི་ མི་རྒས་ཤོས་མང་ཤོས་ཅིག་གིས་ སྐུ་རྗེས་དང་བྱམས་དཔལ་ལྷ་ཁང་ནང་ སྨོན་ལམ་ཆེན་མོ་གནང་སར་ སོང་ཡོདཔ་ལས་ སྲིད་དོན་ཚོགས་པ་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ མི་ཤེས་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ བྷུ་ཊཱན་ཀུན་མཉམ་པར་ཊི་ འགོ་ཐོག་བཙག་འཐུ་ནང་ལས་ བཏོན་བཀོག་ཡོད་པའི་སྐོར་ལས་ཡང་ མི་ཤེསཔ་ཨིན་པས།
ཨུ་ར་ལས་ སྐྱེས་ལོ་༦༣ ལང་མི་ ཀརྨ་གིས་ མོ་རའི་ བདེ་སྐྱིད་གླིང་ལུ་ཡོད་མི་ ཆ་རོགས་ཅིག་གི་ཁྱིམ་ནང་ སྡོད་དོ་ཡོདཔ་ལས་ རྒྱང་མཐོང་ཊི་བི་མེད་ནི་དེ་གིས་ ཚོགས་པ་ཚུ་གི་སྐོར་ལས་ ག་ནི་ཡང་ མི་ཤེས་པས་ཟེར་ཨིནམ་ད་ ཁོང་བཟུམ་མའི་ ལོ་ན་རྒས་མི་ཚུ་ལུ་ ལྟ་ནི་གི་ དུས་ཚོད་ཡང་མིན་འདུག་ཟེར་སླབ་པའི་ཁར་ མོ་ར་ འདས་པའི་རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ཡང་ ཚོགས་རྒྱན་མ་བཙུགསཔ་ལས་ ད་རེས་ཀྱི་ནང་ཡང་ ག་དེ་སྦེ་ བཙུགས་ཚུགས་ག་ སླབ་མི་ཤེས་པས་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment