གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་བཏང་གྲོས་འཛོམས་༢ པའི་ནང་ མི་༢༠༠ ལྷགཔ་ཅིག་འོང་ཡོདཔ།


 
སྤྱིར་བཏང་གྲོས་འཛོམས་ འགོ་འདྲེན་འཐབ་པའི་བསྒང་།
༡༥/༠༥/༢༠༡༣  ༉ རྩི་རང་དཀྱིལ་འཁོར་ཐང་–མཎྜལ་སྒང་འདེམས་ཁོངས་༢ ཀྱི་ སྤྱིར་བཏང་གྲོས་འཛོམས་དེ་ ཁ་ཙ་ མཎྜལ་སྒང་ འབྲིང་རིམ་སློབ་གྲྭ་བར་མའི་ སྤྱི་དོན་ཁང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ སྲིད་དོན་ཚོགས་པ་༤ གི་ འདེམས་ངོ་ཚུ་གིས་ མི་སེར་༢༠༠ ལྷགཔ་ཅིག་ལུ་ ཚོགས་པའི་ལྟ་བ་དང་ གཞི་རྩ་ དེ་ལས་ དམིགས་ཡུལ་དང་ ཁས་བླངས་ཚུ་ གསལ་བསྒྲགས་འབད་ཡི།


དུས་ཡུན་སྐར་མ་༡༠ གི་ གསལ་བཤད་ལས་རིམ་ནང་ དང་པ་ར་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ ཨེསི་བི་ ག་ལེ་གིས་ ཚོགས་པའི་ངོ་རྟགས་དང་ སྲིད་འཛིན་གྱི་རྒྱབ་ཁུངས་ཚུ་ གསལ་བཤད་འབད་བའི་ཤུལ་ལས་ ཚོགས་པའི་ནང་ཡོད་མི་ འདེམས་ངོ་ཚུ་ རྒན་གཞོན་བར་གསུམ་སྦེ་ ཡོད་མི་དེ་ མི་སེར་ཡོངས་ཀྱི་དཀའ་ངལ་ཚུ་ ཧ་གོ་ཚུགས་ནིའི་དོན་ལུ་ ཨིན་ཟེར་ སླབ་ཨིན་པས།
སྐྱེས་ལོ་༥༨ ལང་མི་འདེམས་ངོ་དེ་གིས་ འབད་བ་ཅིན་ འབྲུག་སྤྱིར་དབང་ཚོགས་པ་དེ་ ཉམ་ཆུང་གི་ཚོགས་པ་ཨིནམ་ལས་ མི་སེར་ཉམ་ཆུང་གི་དཀའ་ངལ་དེ་ བསལ་ནིའི་དོན་ལུ་ མི་སེར་ཉམ་ཆུང་ཚུ་ འབྲེལ་གཏོགས་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་པ་དེ་ བཙག་འཐུ་གྲུབ་པ་ཅིན་ ཨམ་སྲུའི་དབང་ཆ་ ཡར་དྲག་གཏང་ནི་དང་ ན་གཞོན་གྱི་དཀའ་ངལ་ མི་སེར་སོ་ནམ་པའི་ དཀའ་ངལ་བསལ་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ བིམ་ ཐ་པ་གིས་ སྲིད་འཛིན་གྱི་ རྒྱབ་ཁུངས་ཚུ་བཤད་པའི་ཤུལ་ལས་ ཚོགས་པའི་ངོ་རྟགས་ ཁམ་ཤིང་མེ་ཏོག་སྦེ་ བཞག་དགོ་མི་དེ་ ཁམ་ཤིང་མེ་ཏོག་ཚུ་ རྒྱལ་ཁབ་ཀྱི་ས་གནས་ག་ཏེ་ཡང་ ཤར་དོ་བཟུམ་སྦེ་ ཚོགས་པ་དེ་གིས་ མི་སེར་གྱི་དཀའ་ངལ་ག་སྟེ་འཐོན་རུང་ ནམ་དགོ་རུང་ ལྷོད་ཚུགས་ནིའི་ རྟགས་མཚན་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
སྐྱེས་ལོ་༤༥ ལང་མི་བིམ་ ཐ་པ་གིས་ སླབ་མིའི་ནང་ ཚོགས་པ་གིས་ བཙག་འཐུ་འགྲུབ་པ་ཅིན་ འཆར་གཞི་༡༡ པའི་ལས་སྣ་ཚུ་ འགྲུབ་ནི་ལུ་ རྒྱབ་སྐྱོར་འབད་ནི་དང་ དབུལ་ཕོངས་དཀའ་ངལ་ ད་ལྟོ་ བརྒྱ་ཆ་༡༢ ཡོད་མི་ལས་ མར་ཕབ་འབད་ནི་ དེ་ལས་ སྲིད་བྱུས་དང་ འཆར་གཞི་བཟོ་སའི་གནས་རིམ་ནང་ཡོད་པའི་ ངན་ལྷད་དང་ སྐྱ་ནམ་གྱི་གོང་ཚད་ ཡར་སེང་འགྱོ་མི་དེ་ མར་ཕབ་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དབུལ་ཕོངས་ཀྱི་དཀའ་ངལ་དེ་ མཐོ་ཤོས་གཡུས་སྒོ་ཚུ་ནང་ཨིནམ་ད་ དེ་ནང་ལས་ཡང་ ཤུགས་ཆེ་ཤོས་ཅིག་ ལྷོ་མཚམས་ཀྱི་ རྫོང་ཁག་ཚུ་ནང་ཨིན་མས་ཟེར་ཨིན་པས།
ལྷ་མཚམས་རྫོང་ཁག་ཚུ་ནང་ དབུལ་ཕོངས་ཀྱི་ དཀའ་ངལ་ལེ་ཤ་ཐོན་མི་དེ་ མི་རྩིས་མེད་པའི་ དཀའ་ངལ་དང་འཁྲིལ་ ལཱ་གཡོག་མ་ཐོབ་མི་ལུ་བརྟེན་ཨིན་པས།
 དེ་འབདཝ་ལས་ འབྲུག་མཉམ་རུབ་ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ དབུལ་ཕོངས་ཀྱི་ དཀའ་ངལ་བསལ་ནིའི་ནང་ ཤུགས་བཏོན་ནི་ཟེར་ བིམ་ཐ་པ་གིས་ བཤདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚོགས་དཔོན་འོགམ་བགྲེསཔ་ གཡང་ཁུག་ཚེ་རིང་གིས་ སླབ་མིའི་ནང་ ཚོགས་པ་གིས་ གཞུང་སྐྱོང་ཚོགས་པ་སྦེ་ ལོ་༥ འི་རིང་ གྲུབ་འབྲས་ཅན་ཅིག་སྦེ་ མཐར་འཁྱོལ་བྱུང་མི་དེ་ རྒྱལ་ཁབ་ནང་ སྤྱི་ཚོགས་ཀྱི་ བཙག་འཐུ་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ མི་སེར་ཚུ་གིས་ བློ་གཏད་ཡིད་ཆེས་བསྐྱེད་དེ་ བཙག་འཐུ་འབད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་ བཤད་མི་དང་འཁྲིལཝ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ གྲོང་གསེབ་ཀྱི་དཔལ་འབྱོར་དང་ ཁྲོམ་གྱི་བདེ་བ་འགྲུབ་ནི་ལ་སོགས་པའི་ ཁས་བླངས་ལེ་ཤ་ཡོད་མི་ཚུ་ལུ་ གཙོ་བོར་བཏོན་ཏེ་ ལཱ་འབད་ནི་ཨིནམ་ལས་ མི་སེར་ཚུ་གིས་ མ་འོངས་རྒྱལ་ཁབ་དང་ བུ་གཞི་ཚུ་གི་ མཐའ་དོན་ལུ་དམིགས་ཏེ་ ཚོགས་པ་ གདམ་འཐུ་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
མ་གཞི་ སྲིད་དོན་ཚོགས་པ་༤ པོ་ཆ་ར་ ལེགས་ཤོམ་ཡོད་རུང་ གཞུང་སྐྱོང་གི་ལཱ་དེ་ ལཱ་ཁག་ཡོདཔ་ལས་ མི་སེར་ཚུ་གིས་ མནོ་བསམ་ལེགས་ཤོམ་བཏང་སྟེ་ སྲིད་ཚོགས་དྲག་ཤོས་གདམ་འཐུ་འབད་དགོཔ་ཁག་ཆེ་ཟེར་ གཡང་ཁུག་ཚེ་རིང་གིས་ བཤདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡོ་གེཤི་ ཏ་མང་གིས་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་ཀྱི་སྐོར་ལས་ གསལ་བཤད་འབད་ཡོདཔ་མ་ཚད་ ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ འདེམས་ཁོངས་གོང་འཕེལ་མ་དངུལ་དང་ ས་གནས་གཞུང་གི་ལས་བྱེདཔ་ཚུ་གི་ ཐོབ་ལམ་བཅའ་ཡིག་བཟོ་ནི་ལུ་ གཙོ་བོར་བཏོན་ནི་ ཨིན་ཟེར་ཨིན་པས།
དེ་མ་ཚད་ ཚོགས་པ་གིས་  མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་དང་ འཆར་གཞི་དང་སྲིད་བྱུས་ཚུ་ མི་སེར་དང་གྲོས་བསྟུན་ཐོག་ བཟོ་ནི་དང་ སྤུས་ཚད་ལྡན་པའི་ཤེས་རིག་དང་ གསོ་བ་ སྣུམ་འཁོར་ གློག་མེ་ བརྒྱུད་འཕྲིན་ཞབས་ཏོག་གཞི་བཙུགས་ ན་གཞོན་ལཱ་གཡོག་མེད་པའི་ དཀའ་ངལ་བསལ་ནི་ལུ་ ཐབས་ཤེས་ཚུ་བཏོན་ནི་ཟེར་སླབ་ཨིན་པས།
རྫོང་ཁག་འོག་གི་ རྒེད་འོག་༡༢ ཆ་མཉམ་ནང་ ཚར་རེ་འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་གྲོས་འཛོམས་དེ་ ཁ་ཉིནམ་ལས་ འགོ་བཙུགས་ཡོདཔ་ད་ བཙག་འཐུ་ལྷན་ཚོགས་ཀྱི་ རེའུ་མིག་དང་འཁྲིལ་ ཚེས་༡༩ ལུ་ མཇུག་བསྡུ་ནི་ཨིན་པས།
དེ་གི་ཤུལ་ལས་ འདེམས་ངོ་ཚུ་གིས་ ངོ་རྐྱང་གི་ ཁས་བླངས་གསལ་བསྒྲགས་ཚུ་ འབད་ནིའི་འཆར་གཞི་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འཕྲལ་ཁམས་ཅིག་ཁར་ འབྲུག་སྤྱིར་དབང་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་ དེ་ལས་ འབྲུག་ཕུན་སུམ་ཚོགས་པ་༣ གྱིས་ འགྲམ་ཕུག་ཁྲོམ་ཁར་ ཚོགས་པའི་ཡིག་ཚང་ཚུ་ སྒོ་ཕྱེ་ཡོདཔ་ཨིན་རུང་ མི་སེར་དམངས་གཙོ་ཚོགས་པ་གིས་ ད་ལྟོ་ ཡིག་ཚང་གཞི་བཙུགས་མ་འབད་བར་ཡོདཔ་ཨིན་པས།
རྩི་རང་རྫོང་ཁག་འདེམས་ཁོངས་༢ ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༢༠,༩༧༩ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

                                   རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment