གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་གྲུབ་ལྗོངས་མཁར་དང་ བདེ་བ་ཐང་ལུ་ ཚ་ནད་ཐོན་ཡོདཔ།

༨/༥/༢༠༡༣   ༉ འཕྲལ་ཁམས་ཅིག་ལས་ བསམ་གྲུབ་ལྗོངས་མཁར་དང་ བདེ་བ་ཐང་སྨན་ཁང་ཚུ་ནང་ ཚ་བའི་ནད་གཞི་ཐོབ་སྟེ་ སྨན་བཅོས་འབད་བར་འོང་མི་ ནདཔ་མང་སུ་ཐོན་དོ་ཡོདཔ་ཨིན་པས།
དེ་ཡང་ སྨན་ཁང་གཉིས་ཆ་རའི་ནང་ ཉིན་བསྟར་བཞིན་དུ་ ཚ་ནད་ཐོབ་མི་༣ དང་༤ གི་བར་ན་ ལྷོད་དོ་ཡོད་མི་ལས་ ནདཔ་༢ དང་༣ དེ་ཅིག་ ཨ་རྟག་ར་ སྨན་ཁང་གི་ ནད་ཁང་ནང་བཞག་དགོཔ་ བྱུངམ་ཨིན་པས།


བདེ་བ་ཐང་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོད་མི་ སྐྱེས་ལོ་༤ ལང་མི་བུམོ་དེ་ ཨ་པ་རྡོ་རྗེ་གིས་ ཁོ་རའི་རྒྱབ་ཁར་འབག་སྟེ་ གཉིད་ལོག་བཅུག་པའི་བསྒང་།

བསམ་གྲུབ་ལྗོངས་མཁར་གྱི་ གསོ་བའི་སྨན་པ་ཚུ་གིས་ སླབ་མིའི་ནང་ ཚ་ནད་ཐོབ་མི་མངམ་ དུས་ཚོད་འ་ནེམ་ཅིག་ཁར་ ཐོནམ་མ་ཚད་ ཚ་བའི་ནད་གཞི་དེ་ དུས་ཚོད་དང་འཁྲིལ་ཐོབ་པའི་ ནད་གཞི་ཅིག་མིན་པར་ གཙོ་བོ་ར་ ཆར་ཆུའི་དུས་ཚོད་ནང་ ཐོབ་ཨིན་ཟེར་ཨིན་པས།
རྫོང་ཁག་སྨན་ཁང་གི་ ནད་བརྟག་དཔྱད་ཁང་གི་ འགན་འཛིན་པ་ སངས་རྒྱས་རྒྱ་མཚོ་གིས་འབད་བ་ཅིན་ ཆུ་ལས་བརྟེན་པའི་ནད་གཞི་ཅིག་ཨིན་མི་ ཚ་ནད་དེ་ བཙོག་པ་ཞུགས་མི་ ཆུ་འཐུང་མི་ཚུ་ལུ་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་ཟེར་ཨིན་པས།
ད་རིས་ ཆར་ཆུའི་དུས་ཚོད་ཨིནམ་ལས་ ཆུ་རྐ་ཚུ་ བཙོག་པ་བཟོཝ་མ་ཚད་ སྡོད་ཁྱིམ་ནང་སྡོད་མི་ཚུ་གིས་ ཆུ་མ་བསྐོལ་བར་ འཐུང་ནི་དེ་གིས་ ནད་གཞི་དེ་ འཐོབ་འོང་ནི་མས་ཟེར་ ཁོ་གིས་ སླབ་ཨིན་པས།
འདས་པའི་ཟླཝ་༢ ཀྱི་ནང་འཁོད་ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་སྨན་ཁང་ནང་ ཚ་ནད་ཐོབ་པའི་ དོགས་པ་ཡོད་མི་ ནདཔ་༡༦༤ ཐོ་བཀོད་འབད་ཡོད་མི་ལས་༧༧ ལུ་ ཚ་བའི་ནད་གཞི་ཐོབ་ཡོད་པའི་ ངོས་འཛིན་བྱུང་ནུག།
དེ་བཟུམ་སྦེ་ བདེ་བ་ཐང་དྲག་པོའི་སྨན་ཁང་ནང་ སྤྱི་ཟླ་༣ པ་ལས་ཚུར་ ཚ་ནད་ཐོབ་མི་༡༡༠ ལུ་ སྨན་བཅོས་འབད་ཡོདཔ་ཨིན་པས།
ཚ་ནད་ཐོབ་མི་ ནདཔ་མང་ཤོས་ར་ སྐྱེས་ལོ་༡༥ མན་ཆད་འབད་མི་ཚུ་ཨིནམ་ད་ བདེ་བ་ཐང་སྨན་ཁང་ནང་ཡོད་མི་ ནདཔ་ཚུ་གི་གྲས་ལས་༡ སྐྱེས་ལོ་༤ ལང་མི་ བུམོ་ཅུང་ཚེ་རིང་སྒྲོལ་མ་དེ་ཨིན་པས།
མོ་གི་ཨ་པ་ སྐྱེས་ལོ་༢༨ ལང་མི་ རྡོ་རྗེ་གིས་ བུམོ་དེ་ ཁོ་གི་རྒྱབ་ཁར་འབག་སྟེ་ གཉིད་ལོག་བཅུགཔ་ཨིན་རུང་ དྲོད་འབར་རྐྱབ་སྟེ་ ན་མི་ལུ་བརྟེན་ དུས་ཡུན་ཆུ་ཚོད་༡ ཡང་ ལེགས་ཤོམ་སྦེ་ མ་ཉལ་བར་ སྔུ་སྡོདཔ་མས་ཟེར་ སླབ་ཨིན་པས།
མགུ་ནད་ཟེར་ཡང་སླབ་མི་ ཚ་བའི་ནད་གཞིའི་ རྟགས་མཚན་དེ་ དྲོད་འབར་རྐྱབ་ནི་དང་ གཟུགས་ རྐང་ཚིག་ལག་ཚིག་ན་ནི་ མགུ་ཏོ་ནཝ་ཨིན་པས།

ད་རེས་ནངས་པ་ བདེ་བ་ཐང་དྲག་པོའི་སྨན་ཁང་ནང་ ཚ་ནད་ཀྱི་ སྨན་རྫོགས་ཏེ་ བདུན་ཕྲག་༢ དེ་ཅིག་ སོང་བའི་ཤུལ་ལུ་ ད་རིས་ ལྷོད་དེ་ཡོདཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment