གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་སྐྱོང་ནིའི་གོ་སྐབས་ ལོག་འཐོབ་པ་ཅིན་ ལཱ་ཚུ་འཕྲོ་མཐུད་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ནི།

༨/༥/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པ་གིས་ འདས་པའི་གཞུང་སྐྱོང་གི་ གནས་ཡུན་སྐབས་ གཞི་རྟེན་མཁོ་ཆས་ལེ་ཤ་ཅིག་ར་ བཀྲམ་བཞག་མི་ཚུ་ ལོག་སྟེ་ར་ བཙག་འཐུ་ལས་འགྲུབ་སྟེ་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ ལཱ་ཚུ་མཐའ་དག་བསྒྲུབ་ཚུགསཔ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་པས།


སྲིད་ཚོགས་ཀྱི་ ལྟ་བ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ དབུལ་ཕོངས་ཀྱི་དཀའ་ངལ་ བརྒྱ་ཆ་༥ འི་འོག་རྒྱུ་ མར་ཕབ་འབད་ནི་དང་ འཆར་གཞི་༡༡ པའི་ནང་ གོང་འཕེལ་གྱི་ཚད་གཞི་དེ་ དམའ་ཤོས་བརྒྱ་ཆ་༡༡ ལུ་ ཡར་སེང་འབད་ནི་ཨིན་པས།
དེ་བཟུམ་སྦེ་ བཟའ་སྤྱོད་དང་ ནང་འདྲེན་འབད་མི་ དཔེ་ཚད་ཚུ་ལུ་ གཞི་བཞག་པའི་ ཐབས་ལམ་ཚུ་བཏོན་ཏེ་ མི་སེར་ཚུ་གི་བར་ནའི་ འོང་འབབ་ཀྱི་ཁྱད་པར་ཚུ་ མར་ཕབ་རྐྱབ་ནི་དང་ ད་ལྟོ་ཐོན་པའི་བསྒང་ཡོད་པའི་ གནད་དོན་དང་ གནད་དོན་གལ་ཅན་ཚུ་ བློན་ཆེན་ལུ་ གྲོས་སྟོན་འབད་མི་ དཔལ་འབྱོར་དང་ དངུལ་འབྲེལ་སྡེ་ཚན་ཅིག་ཡང་ གཞི་བཙུགས་འབད་ནིའི་ ཁས་བླངས་འབདཝ་ཨིན་པས།
ཁས་བླངས་གསལ་བསྒྲགས་དང་འཁྲིལཝ་ད་ ཁྲལ་གྱི་ཚད་གཞི་ཚུ་ འོས་ཁུངས་ལྡན་ཏོག་ཏོ་བཟོ་ནི་དང་ ད་རེས་འབད་བ་ཅིན་ དངུལ་ཕོགས་ལེན་མི་ཚུ་གིས་ ལོ་༡ ལུ་ འོང་འབབ་དངུལ་ཀྲམ་འབུམ་༡ འཐོབ་པ་ཅིན་ འོང་འབབ་ཀྱི་ ཁྲལ་བཏབ་དགོ་མི་དེ་ ལོ་༡ ལུ་ འོང་འབབ་དངུལ་ཀྲམ་༡༧༥,༠༠༠ ལས་༢༠༠,༠༠༠ ཚུན་ གང་རུང་ཅིག་ མ་འཐོབ་པ་ཅིན་ ཁྲལ་བཏབ་མ་དགོཔ་ བཟོ་ནི་ཨིན་པས།
དེ་བཟུམ་སྦེ་ གྲོང་གསེབ་ཚུ་ནང་ ཚོང་ཆུང་ཀུ་རེ་ རྐྱབ་སྟེ་སྡོད་མི་ཚུ་ལུ་ ཁྲལ་དགོངས་ཡངས་ གཏང་ནི་ཨིན་པས།
ད་རེས་འབད་བ་ཅིན་ རྒྱལ་ཁབ་ནང་ ལོ་བསྟར་ལྟ་བཤལཔ་འབུམ་༡ ལྷོད་ཚུགསཔ་བཟོ་ནི་ལུ་ དམིགས་གཏད་བསྐྱེད་མི་དེ་ ལོ་༥ འི་རིང་ འབུམ་༢ ལུ་ ཡར་སེང་འབད་དེ་ ལྟ་བཤལ་ལུ་བརྟེན་པའི་ འོང་འབབ་ཡུ་ཨེསི་ཌོ་ལར་ ས་ཡ་༡༩༩ འབད་མི་དེ་ ཌོ་ལར་ས་ཡ་༤༠༠ ལུ་ ཡར་སེང་འབད་ནི་ཨིན་པས།
ལྟ་བཤལ་གོང་འཕེལ་གྱི་དོན་ལུ་ གནམ་གྲུའི་ཞབས་ཏོག་ཚུ་ ཡར་སེང་འབད་དགོཔ་ ཡོད་མི་དང་འཁྲིལ་ ཧོང་ཀོང་དང་ མུམ་བ་ཡེ་ བེང་ག་ལཱོར་ མཱལ་དིབསི་ དེ་ལས་ མ་ཡཱན་མར་ཚུ་ནང་ འཕུར་འགྲུལ་འགོ་ཕྱེ་ནིའི་ ཁས་བླངས་འབདཝ་ཨིན་པས།
ལྟ་བ་དང་འཁྲིལཝ་ད་ འཆར་གཞི་༡༠ པའི་ནང་ བཟོ་སྐྲུན་འབད་ཡོད་པའི་ ཞིང་ལམ་ཚུ་གི་གྲས་ལས་ རྒེད་འོག་ལམ་ མང་ཤོས་ཅིག་ནང་ རྩི་ནག་གཏང་ནི་དང་ ཨ་ལུ་དང་ ཨམ་སྲུའི་ཤི་རྐྱེན་ མར་ཕབ་བཏང་ཐོག་ལས་ སྤྱི་ལོ་༢༠༡༥ འི་ ལོ་སྟོང་གོང་འཕེལ་གྱི་ དམིགས་དོན་འགྲུབ་ནི་ལུ་ ཨ་ལུ་དང་ ཨམ་སྲུའི་འཕྲོད་བསྟེན་ལུ་ གཙོ་རིམ་སྦོམ་བྱིན་ནི་ཨིན་པས།
ཟས་བཅུད་གོང་འཕེལ་གཏང་ནིའི་ འཆར་གཞི་ཚུ་དང་འཁྲིལ་ དམིགས་བསལ་དུ་ སློབ་ཕྲུག་ཨ་ལུ་ཚུ་ལུ་དམིགས་པའི་ ཟས་བཅུད་མ་ལང་པའི་དཀའ་ངལ་དང་ དེ་དང་བསྟུན་པའི་ དཀའ་ངལ་ཚུ་ རྩ་མེད་བཟོ་ནི་ཨིན་ཟེར་ སྲིད་ཚོགས་ཀྱི་ ལྟ་བའི་ནང་ བཀོད་དེ་འདུག།
རྒྱལ་ཁབ་ནང་ ཤེས་རིག་ལམ་ལུགས་ཚུ་ གོང་འཕེལ་གཏང་ནི་དེ་ སློབ་དཔོན་ཚུ་ལུ་ རག་ལས་ནི་ཨིནམ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ སློབ་དཔོན་ཚུ་ལུ་ མི་སྟོབས་བྱ་རིམ་ཚུ་དང་འཁྲིལ་ སློབ་དཔོན་ཚུ་གི་ འོས་འབབ་དང་འཁྲིལ་ རང་སོའི་ཁྱད་རིག་ནང་ སློབ་དཔོན་འགོ་ཁྲིདཔ་དང་ སློབ་དཔོན་གཙོ་ཅན་ཚུ་ བསྐོ་བཞག་འབད་དེ་ སེམས་ཤུགས་བཙུགས་ནི་སྦེ་ ཁས་བླངས་འབདཝ་ཨིན་པས།
ད་རིས་འབད་བ་ཅིན་ རྒྱལ་ཁབ་ནང་ འབྲི་ལྷག་ཤེས་ཡོན་ཡོད་མི་ བརྒྱ་ཆ་༦༣ འབད་མི་དེ་༧༠ ལུ་ ཡར་སེང་འབད་ནི་དང་ སློབ་གྲྭ་ནང་མ་འགྱོ་མི་ འབྲུག་པའི་ཨ་ལུ་ ཕུད་རྡོག་གཅིག་ཡང་མེདཔ་སྦེ་བཟོ་ནི་ལུ་ དམིགས་གཏད་བསྐྱེད་ནི་ཨིན་པས།
རྒྱལ་ཁབ་ཀྱི་ སློབ་གྲྭ་ཚུ་དང་ དལ་དབང་གི་ ཤེས་ཡོན་སྦྱང་ཐབས་ཡོདཔ་ བཟོ་ནིའི་དོན་ལུ་ སློབ་ཕྲུག་ཚུ་ལུ་ ཡོངས་འབྲེལ་བརྒྱུད་ལམ་ ཝཱའི་ཕཱའི་ཚུ་གི་ ཞབས་ཏོག་དང་ལྡན་པའི་ འཕྲུལ་ཆས་ཊཱེབ་ལེཊི་ཚུ་སྤྲོད་དེ་ དཔེ་ཆ་ལྷབ་ནིའི་ མོ་བཏབ་ལས་རིམ་ འགོ་འདྲེན་འཐབ་ནི་དང་ དེ་ལུ་བརྟེན་ ད་རེས་ ལག་ལེན་འཐབ་མི་ ཀི་དེབ་ཚུ་ མེདཔ་བཟོ་ཚུགས་ནི་ཨིན་པས།
ད་རེས་ མི་ཚེའི་གནས་སྟངས་ཀྱི་གནས་ཚད་ཚུ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་འགྱོ་མི་ལུ་བརྟེན་ ཞི་གཡོགཔ་ཚུ་ ལཱ་ཁག་རྐྱབ་དོ་ཡོད་པའི་སྐོར་ལས་ ཧ་གོ་ཡོདཔ་བཞིན་དུ་ འབྲུག་ཕུན་སུམ་ཚོག་པ་གིས་ འོས་འབབ་དང་འཁྲིལ་ དངུལ་ཕོགས་ལྷན་ཚོགས་ཀྱིས་ ཞི་གཡོགཔ་ཚུ་གི་ སྡོད་འཐུས་དང་ ཉིན་འཐུས་ སྣུམ་འཁོར་གྱི་གླ་འཐུས་ དགོངས་ཞུའི་ཟུར་ཕོགས་ དེ་ལས་ སྣུམ་འཁོར་གྱི་འཐུས་ཚུ་ལུ་ ལེགས་ཤོམ་སྦེ་ བལྟ་དགོ་པའི་ བཀའ་རྒྱ་གནང་ནི་ཨིན་པས།
སྲིད་ཚོགས་དེ་གིས་ ཨ་ལུ་སྐྱེས་མི་ ཨམ་སྲུ་དང་ ཨ་ལུའི་ཨ་པ་ཚུ་གི་དོན་ལུ་ ངལ་གསོ་ཚུ་ཡང་ ཡར་སེང་འབད་ནི་དང་ ལཱ་འབད་མི་ ཨ་ལུའི་ཕམ་ཚུ་གིས་ རང་སོའི་ཨ་ལུ་ལུ་ གཅེས་སྐྱོང་ཡར་དྲག་ཐོག་ འབད་ཚུགསཔ་བཟོ་ནི་ལུ་ ཐབས་ལམ་ཚུ་ཡང་བཏོན་ནིའི་ ཁས་བླངས་འབདཝ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་བརྗོད་དོན་དེ་ འདྲ་མཉམ་དང་དྲང་བདེན་ཐོག་ལས་ རང་མགོ་རང་འདྲོངས་བཟོ་ནི་དེ་ ཨིནམ་བཞིན་དུ་ ཡར་འཕེལ་ཅན་དང་ དགའ་སྐྱིད་ལྡན་པའི་ མི་སྡེ་བཟོ་ནི་དང་ དེ་ཡང་ ཁྲོམ་སྡེའི་ཕན་བདེ་དང་ གྲོང་གསེབ་གོང་འཕེལ་ཅན་བཟོ་ནི་ལུ་ ཤུགས་བཏོན་ནི་ཨིན་པས།
དེ་ལས་ སྤྱི་ལོ་༢༠༢༠ ལུ་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ཐོན་སྐྱེད་འབད་ནི་ལུ་ ཁས་བླངས་འབདཝ་ཨིན་པས།
ལྟ་བ་དང་འཁྲིལཝ་ད་ མ་འོངས་ལོ་ངོ་༣ གྱི་ནང་འཁོད་ལུ་ ནང་འདྲེན་མར་ཕབ་དང་ ཕྱིར་ཚོང་ཡར་སེང་ དེ་ལས་ ཆུ་ཆུང་ཀུ་ཚུ་གུ་ གློག་མེ་འཕྲུལ་ཁང་ཚུ་ བཟོ་བཀོད་འབད་བའི་ དངུལ་འབྲེལ་ཐབས་ལམ་ཚུ་བཏོན་ཐོག་ལས་ དཀའ་ངལ་དེ་ བསལ་ནི་སྦེ་ བཀོད་ནུག།
སྲིད་ཚོགས་ཀྱི་ལྟ་བ་དང་འཁྲིལཝ་ད་ ཚོགས་པ་གིས་ ཚོང་འབྲེལ་དང་ བཟོ་གྲྭ་ལས་སྡེའི་ནང་ གོང་འཕེལ་ཆེ་དྲགས་སྦེ་ གཏང་ནི་དང་ རྒྱལ་ཁབ་ནང་འཁོད་ནང་ འབྲུ་སྣ་དང་ ཚོད་བསྲེ་ཚུ་ ཡར་སེང་ཐོག་ ཐོན་སྐྱེད་འབད་ནི་ལུ་ གཙོ་བོར་བཏོན་ནི་ཨིན་པས།
དེ་དང་འཁྲིལ་ ཚོད་བསྲེའི་རིགས་ཚུ་ རྒྱ་ཆེ་དྲགས་སྦེ་ ཐོན་སྐྱེད་འབད་དེ་ བཟའ་འཐུང་ཉེན་སྲུང་ཅན་བཟོ་ནི་དང་ འགྲོས་ཀྱིས་སྦེ་ ཚོད་བསྲེའི་རིགས་ཚུ་ རང་བཞིན་ལམ་ལུགས་ཐོག་ལས་ འཐོན་སྐྱེད་འབད་དེ་ རྒྱ་གར་རྒྱལ་ཁབ་ནང་ ཕྱིར་ཚོང་འཐབ་ཚུགསཔ་ བཟོ་ནི་ཨིན་པས།
སྲིད་ཚོགས་དེ་གིས་ གཏེར་ཁའི་གནས་ཚད་ཚུ་ ཡར་སེང་འབད་ནི་དང་ ཁྲིམས་ལུགས་ཚུ་ དམ་སྒྲིང་བཟོ་ནི་ དེ་ལས་ འཛིན་སྐྱོང་གི་ཐབས་ལམ་དང་ ཁྲིམས་ལུགས་ཚུ་ ལེགས་ཤོམ་སྦེ་བཟོ་སྟེ་ གཏེར་ཁ་ཚུ་ལུ་བརྟེན་ མི་སྡེ་ལུ་ ཕན་ཐོགས་འབྱུང་ཚུགསཔ་ བཟོ་ནི་ཨིན་པས།
དཔལ་འབྱོར་གྱི་ ནུས་པ་མེད་པའི་ དགོ་མ་ཆོད་པའི་ གཏེར་ཁའི་རག་རོ་ཚུ་མ་གཏོགས་ ལེགས་བཅོས་མ་འབད་བའི་གཏེར་ཁ་ཚུ་ ཕྱིར་ཚོང་འཐབ་ནི་ལས་ བཀག་དམ་འབད་ནི་སྦེ་ ལྟ་བ་ནང་བཀོད་ནུག།
འབྲུག་པའི་ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་ཚུགསཔ་ བཟོ་ནིའི་དོན་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ བང་ལ་དེཤི་དང་ རྒྱ་གར་ཚུ་དང་གཅིག་ཁར་ཡོད་པའི་ ཟུང་ཕྱོགས་ཚོང་འབྲེལ་ཆིངས་ཡིག་ཚུ་ བསྐྱར་གསོ་འབད་ནི་དང་ བྱ་སྟབས་བདེ་ཏོག་ཏོ་འབྱུང་པ་ཅིན་ ནེ་པཱལ་དང་ ཐའི་ལེན་རྒྱལ་ཁབ་ཚུ་དང་ཡང་ ཆིངས་ཡིག་བཟོ་ནི་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ ལོག་སྟེ་ར་ གཞུང་སྐྱོང་ནིའི་གོ་སྐབས་ཐོབ་པ་ཅིན་ ན་གཞོན་ཚུ་ ཡར་ཐོན་ཅན་གྱི་ མི་སེར་བཟོ་ནི་ལུ་ གཙོ་བོ་བཏོན་ནི་ཨིན་པས།
ད་རེས་ འབྲུག་པའི་ན་གཞོན་ ལཱ་གཡོག་མ་ཐོབ་མི་ བརྒྱ་ཆ་༧ ཡོད་མི་དེ་ སྲིད་ཚོགས་ཀྱི་དོན་ལུ་ ཚ་གྱང་ཅན་ཅིག་སྦེ་ གནས་ཏེ་ཡོད་ཟེར་ ཁས་བླངས་ནང་བཀོད་ནུག།
མ་འོངས་ལོ་༥ འི་རིང་ ལཱ་གཡོག་འཚོལ་མི་ ན་གཞོན་༡༤༠,༠༠༠ དེ་ཅིག་ འཐོན་ནི་ཨིནམ་སྦེ་ ཚོད་དཔག་འབད་དོ་ཡོདཔ་ད་ དེ་ཚུ་ རྒྱལ་ཁབ་ལུ་ ཕན་ཐོགས་ཅན་ ག་དེ་སྦེ་ བཟོ་ཚུགས་འོང་ག་ལུ་བལྟ་སྟེ་ རྒྱལ་ཁབ་འདི་ ད་ལས་ཕར་ ལེགས་བསྒྱུར་ག་དེ་སྦེ་ འགྱོ་འོང་ག་ ཧ་གོ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྲིད་ཚོགས་དེ་གིས་ ལས་གཡོག་ལྷན་ཁག་གི་དོན་ལུ་ བློན་པོ་འོག་མ་ཅིག་ བསྐོ་བཞག་འབད་ནི་དང་ དེ་གིས་ ན་གཞོན་ཚུ་ ལཱ་གཡོག་མ་ཐོབ་པར་ མི་བཞག་ནི་ཨིནམ་ ངེས་བདེན་བཟོ་ཚུགས་ཟེར་ ལྟ་བའི་ནང་ བཀོད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment