གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༤ གིས་ བྷུ་ཊཱན་ཀུན་མཉམ་པར་ཊི་ལུ་ གོ་སྐབས་གནང་དགོ་པའི་ཞུ་བ།

༨/༥/༢༠༡༣   ༉ སྲིད་དོན་ཚོགས་པ་༤ གིས་ བཙག་འཐུ་ལྷན་ཚོགས་ལུ་ འགོ་ཐོག་བཙག་འཐུའི་ནང་ མཐར་འཁྱོལ་མ་འབྱུང་མི་ བྷུ་ཊཱན་ཀུན་མཉམ་པར་ཊི་ལུ་ དོ་འགྲན་འབད་ནི་གི་གོ་སྐབས་ གནང་དགོ་པའི་ཞུ་བ་ཕུལ་ཡི།


འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ འགོ་ཐོག་བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་མ་ཐོབ་མི་ལུ་ སེམས་ཕམ་ཡོད་ལུགས་ཚུ་ བཤད་ཡོདཔ་མ་ཚད་ ཚོགས་པ་གཞི་བཙུགས་འབད་མི་ འདེམས་ངོ་ཚུ་གིས་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ལཱ་འབད་བའི་མངོན་གསལ་བྱུང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ བྷུ་ཊཱན་ཀུན་མཉམ་པར་ཊི་ལུ་ བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་གནང་པ་ཅིན་ རྒྱལ་ཁབ་ཀྱི་ མི་སེར་ཚུ་ལུ་ ཚོགས་པ་མང་སུ་ནང་ལས་ གདམ་ཁ་རྐྱབ་ཚུགས་ནི་ཨིནམ་ལས་ དམངས་གཙོའི་རིང་ལུགས་ སྒྲིང་སྒྲིང་འགྱོ་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་མས་ཟེར་ བཀོད་ཡོདཔ་ད་ མགར་ས་རྫོང་ཁག་ནང་ལས་ འདེམས་ངོ་འཐོབ་ནི་དེ་ ལཱ་ཁག་ཅན་ཅིག་འབདཝ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ ལོག་གོ་སྐབས་གནང་བའི་ རེ་བ་ཡོད་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཡེ་ཤེས་རྡོ་རྗེ་གིས་ བཤད་མིའི་ནང་ དེ་བཟུམ་མའི་ གནས་ཚུལ་གོ་མི་དེ་ལུ་ བློ་ཕམ་སྦོམ་བྱུང་ཡོདཔ་ལས་ ལོག་གོ་སྐབས་གནང་ཚུགས་པ་ཅིན་ དགའ་ཚོར་སྦོམ་ བསྐྱེད་ནི་མས་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ སླབ་མིའི་ནང་ ཁོང་གིས་ དེ་བཟུམ་མའི་ ཞུ་བ་ཕུལ་ནི་དེ་ ཚུལ་ལྡན་ཅིག་མེན་རུང་ དམངས་གཙོའི་རིང་ལུགས་ཀྱི་ ཁྱད་ཕན་ལུ་བལྟ་སྟེ་ བཙག་འཐུའི་དོ་འགྲན་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་གནང་བའི་ རེ་བ་ཡོད་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ འཕྲིན་ལས་རྒྱ་མཚོ་གིས་འབད་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ བྷུ་ཊཱན་ཀུན་མཉམ་པར་ཊི་ལུ་ དོ་འགྲན་འབད་ཆོག་པའི་ ཐབས་ལམ་བཏོན་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ སླབ་ཨིན་པས།
བྷུ་ཊཱན་ཀུན་མཉམ་པར་ཊི་གི་གཙོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཁས་ལེན་ཡི་གུ་བཙུགས་ཡོད་མི་དེ་ མཐར་འཁྱོལ་ཅན་སྦེ་ འབྱུང་མ་ཚུགས་རུང་ གཞན་ཚོགས་པ་༤ གིས་ རྒྱབ་སྐྱོར་གང་དྲག་འབད་མི་དང་བསྟུན་ ད་རིས་དྲོ་པ་ ལན་གསལ་འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཨིན་རུང་ ཚོགས་པ་གིས་ མགར་ས་རྫོང་ཁག་ནང་ལས་ འདེམས་ངོ་༢ ཐོབ་མ་ཚུགས་མི་དེ་ རྫོང་ཁག་དེ་ལུ་ སྣང་མེད་སྦེ་ བཞག་བཞགཔ་མེན་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ གཞན་ཚོགས་པ་༤ གིས་ བྷུ་ཊཱན་ཀུན་མཉམ་པར་ཊི་ལུ་  དོ་འགྲན་འབད་ཆོག་པའི་གནང་བ་ གནང་དགོ་པའི་ཞུ་བ་དང་ རྒྱབ་སྐྱོར་འབད་མི་དེ་ གཞན་དང་མ་འདྲ་བའི་ དཔེ་བཟང་པོ་ཅིག་ཨིནམ་ལས་ དོགས་པ་ག་ནི་ཡང་ མེད་ཟེར་ཨིན་པས།
དེ་འབདཝ་ལས་ ཁོང་ཆ་ཁྱབ་ཀྱིས་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ལུ་ ཞུ་བ་ཕུལ་མི་དེ་གི་ ལན་གསལ་འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ ཨིན་རུང་ ཡི་གུ་དེ་ ཞུ་བ་རྐྱངམ་གཅིག་ཨིནམ་སྦེ་བཤད་ཅི།
གཙོ་འཛིན་གྱིས་ སླབ་མིའི་ནང་ ཁོ་གི་ཚོགས་པ་གིས་ ད་ལྟོ་ཚུན་ ཚོགས་པའི་དོན་ལུ་ མ་དངུལ་བསྡོམས་འབུམ་༡༤ བཞག་མིའི་ཐོག་ལས་ དངུལ་ཀྲམ་འབུམ་༤ ལྷགཔ་ཅིག་ ཟད་འགྲོ་བཏང་ཡི་ཟེར་ཨིན་པས།
ཚོགས་པ་གིས་ རྫོང་ཁག་དང་ རྒེད་འོག་ཚུ་ནང་ཡོད་མི་ ཚོགས་པའི་རྒྱབ་སྐྱོར་འབད་མི་ཚུ་ལུ་ཡང་ དཔེ་འབད་བ་ཅིན་ འགྲུལ་འཐུས་དང་ འགྲུལ་འཕྲིན་མོ་བ་ཡེལ་གྱི་ བའུ་ཅར་ཚུ་ བཙུགས་བྱིན་ཡོད་རུང་ དངུལ་ཕོགས་སྦེ་ མ་བྱིན་ཟེར་ཨིན་པས།
ཁས་ལེན་ཡི་གུ་ལུ་ དབྱེ་ཞིབ་གནང་མི་དེ་ལུ་ ཡིད་ཆེས་ཡོད་རུང་ མ་འོངས་པ་ལུ་ དེ་བཟུམ་མའི་བཅའ་ཁྲིམས་ཚུ་ འཕྲི་སྣོན་འབད་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ཁོ་གི་ཚོགས་པ་གིས་ དམངས་གཙོའི་རིང་ལུགས་ནང་ དེ་བཟུམ་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
ཁོང་གིས་ བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ དེ་ཡང་ མགར་ས་བཟུམ་མའི་ རྫོང་ཁག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མེད་ནི་དེ་གིས་ཨིན་རུང་ ཞུ་ཡིག་དེ་ལུ་ ངོས་ལེན་ལེགས་ཤོམ་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
བསོད་ནམས་སྟོབས་རྒྱས་ཀྱིས་ ཚོགས་པ་གཞན་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་ དགའ་ཚོར་ཡོད་ཟེར་ཨིནམ་ད་ ད་རིས་ལས་ གཙོ་འཛིན་ཚུ་གི་བར་ན་ རྩོད་བསྡུར་འགོ་བཙུགས་ནི་ཨིན་རུང་ གལ་སྲིད་ ཚོགས་པ་ལུ་ གོ་སྐབས་གནང་པ་ཅིན་ མི་ཕྱིཔ་འོང་ཟེར་ བཤད་པའི་ཁར་ ཚོགས་པ་གིས་ བཙག་འཐུ་དང་འབྲེལ་བའི་ བཅའ་ཁྲིམས་ཚུ་ལུ་ གུས་ཞབས་ཡོད་ཟེར་ཨིན་པས།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲག་ཤོས་ཀུན་བཟང་དབང་འདུས་ཀྱིས་ ད་ཚུན་ངོས་ལེན་འབད་མི་ཚུ་ག་ར་ བཙག་འཐུ་དང་འབྲེལ་བའི་ ཁྲིམས་ལུགས་དང་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ཏེ་ འབད་ཡོད་རུང་ དེ་བཟུམ་མའི་ སྟབས་མ་བདེཝ་བྱུང་མི་དེ་ བློ་འགྱོད་བསྐྱེད་དགོ་པའི་ གཞི་ཨིན་རུང་ ཚོགས་པ་༤ གིས་ བཙག་འཐུ་དང་འབྲེལ་བའི་ལཱ་འབད་ནི་ འགོ་བཙུགས་ཡོདཔ་ལས་ བསྒྱུར་བཅོས་འབད་ནིའི་ཐད་ཁར་ འོས་འབབ་མེདཔ་འོང་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment