གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་ དུས་ཅིའི་ལོ་མཇུག་ལུ་ བསྒྲུབ་ཚུགས་ནི།

༧/༥/༢༠༡༣   ༉ ཀུར་སྟོད་ སྟག་སྐད་ལ་ལུ་ རིང་ཚད་ཕིཊ་༡༥༤ འབད་མི་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་དེ་ དུས་ཅི་ ལོ་མཇུག་བསྡུ་ཁམས་ལུ་ ཡོངས་རྫོགས་སྦེ་ བསྒྲུབ་ཚུགས་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།

སྐུ་འདྲའི་ནང་གཟུངས་སྦེ་ ཕུལ་ནི་ཨིན་མི་ གཟི་མིག་༡༠༨ན་

འཛམ་གླིང་ནང་ སྐུ་འདྲ་སྦོམ་ཤོས་ཅིག་འོང་ནི་ཨིན་མི་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་དེ་ སྟག་མོ་ཆུ་ གཡུས་ཚན་གྱི་ལྟག་ལུ་ བཞེངས་དོ་ཡོདཔ་ད་ ད་རེས་ནངས་པ་ གུ་རའི་སྐུ་འདྲ་དེ་ དུས་ཚོད་ཁར་ མཇུག་བསྡུ་ནིའི་དོན་ལུ་ ལཱ་འབད་མི་༣༥ དེ་ཅིག་གིས་ ལཱ་ཤུགས་བཏོན་དོ་ཡོད་རུང་ སྐབས་ཅིག་ ཆརཔ་རྐྱབ་ནི་དེ་གིས་ ལཱ་ལུ་བར་ཆད་བྱུང་མས་ཟེར་ ལཱ་གི་འགོ་འདྲེན་པ་ ཀུན་བཟང་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ལཱ་བརྒྱ་ཆ་༩༠ དེ་ཅིག་མཇུག་བསྡུ་ཚུགས་ཏེ་ཡོད་ཟེར་ཨིནམ་ད་ ད་རེས་ནངས་པ་ སྐུའི་ཞལ་དང་ པདྨའི་གདན་ཚུ་གི་ ལཱ་འབད་དོ་ཡོདཔ་ལས་ ཞལ་རིང་ཚད་ཕིཊ་༡༤ དང་ ཕར་ཚུར་ རྒྱ་ཚད་ཕིཊ་༡༨ ཡོད་མིའི་ལཱ་ཚུ་ རྩ་འགེངས་པའི་བསྒང་ ཡོད་ཟེར་ཨིན་པས།
ད་ལྟོ་ཚུན་ མ་དངུལ་དངུལ་ཀྲམ་ས་ཡ་༢༥༠ དེ་ཅིག་བཏང་ཡོདཔ་ད་ དེ་ཡང་ འབྲུག་ཨོ་ཌི་ཡ་ན་ཚོགས་པ་གིས་བཏང་ཡོདཔ་ད་ ཚོགས་པ་གིས་ ཞལ་འདེབས་ཚུ་ འབྲུག་ནང་འཁོད་ཀྱི་ དད་ཅན་སྦྱིན་བདག་སྐྱ་སེར་དང་ ཕྱིའི་རྒྱལ་ཁབ་ཀྱི་ སྦྱིན་པའི་བདག་པོ་ཚུ་གིས་ རྒྱབ་སྐྱོར་ལེན་ཐོག་ལས་ཨིནམ་ད་ ད་རུང་ ལཱ་ཡོངས་རྫོགས་མཇུག་བསྡུ་ཚུགས་ནི་ལུ་ དངུལ་ཀྲམ་ས་ཡ་༤ དང་༥ དེ་ཅིག་ གནས་ནི་མས་ཟེར་ཨིན་པས།
གུ་རུའི་སྐུ་འདྲ་དེ་ བཞེངས་ཚར་བའི་བསྒང་ལས་ ནང་པ་ཆོས་ལྡན་གྱི་ མི་སེར་ཚུ་གིས་མ་ཚད་ ཕྱིའི་རྒྱལ་ཁབ་ཀྱི་ དད་ཅན་ སྐྱ་སེར་ཕོ་མོ་ཡོངས་ཀྱིས་ཡང་ མཇལ་ཚུགས་ནི་ཨིནམ་ལས་ ས་གནས་དེ་ ཡོངས་གྲགས་ཅན་ཅིག་ལུ་འགྱུར་ནི་ཨིན་པས།
སྟག་སྐད་ལ་ལུ་ བཞེངས་པའི་བསྒང་ཡོད་མི་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ།

འདས་པའི་དྲི་ལན་ནང་ མཁན་པོ་དཀར་པོ་གིས་ ཀུན་གསལ་ལུ་བཤད་མིའི་ནང་ དེ་བཟུམ་གྱི་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་ཅིག་ ལྷུན་རྩེ་རྫོང་ཁག་ ས་གནས་སྟག་སྐད་ལ་ལུ་བཞེངས་མི་དེ་ཡང་ དུས་རབས་༡༩ པའི་ནང་ རྫོགས་ཆེན་དང་ གཏེར་སྟོན་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་ བྱམས་མགོན་ བཀོང་སྤྲུལ་ཚུ་གིས་ གོང་ས་ཨྱོན་དབང་ཕྱུག་ ཀྲོང་གསར་དཔོན་སློབ་སྦེ་ བཞུགས་པའི་བསྒང་ ལུང་བསྟན་གནང་ནུག་ཟེར་ཨིན་པས།
དེ་མ་ཚད་ གཏེར་སྟོན་ལས་རབས་གླིང་པ་གིས་ ལུང་བསྟན་ནང་ལས་འབད་རུང་ ཀུར་སྟོད་ལུང་པ་ལུ་ རྟ་དམག་འོང་ཟེར་ཡོདཔ་ལས་ བླམ་བསོད་ནམས་བཟངམོ་གིས་ཡང་ དེ་བཟུམ་གྱི་སྐུ་འདྲ་བཞེངས་དགོཔ་སྦེ་ གསུང་ཡོདཔ་ལས་ རྟ་དམག་བཟློག་ཐབས་ལུ་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་འདྲ་བཞེངས་ནི་ འགོ་བཙུགས་མིའི་གནད་དོན་ དེ་ལུ་བརྟེན་ཏེ་ཨིན་ཟེར་ཨིནམ་ད་ སྐུ་འདྲ་ཅིག་བཞེངས་ཚུགས་པ་ཅིན་ སྤྱིར་འཛམ་གླིང་དང་ བྱེ་བྲག་ཏུ་ སྨན་ལྗོངས་ཆོས་ལྡན་གྱི་རྒྱལ་ཁབ་ནང་ ནད་མུག་འཁྲུག་རྩོད་མེད་པར་ ཞི་བདེ་འབྱུང་ནིའི་ལུང་བསྟན་ཡོདཔ་ཨིན་པས།
སྐུ་འདྲ་དེ་ལུ་ བྱིན་ཅན་དང་ རྩ་ཅན་གྱི་ནང་རྟེན་ཚུ་ཡང་ ཡ་མཚན་ཆེ་ཏོག་ཏོ་སྦེ་ ཕུལ་ནི་ཨིནམ་ད་ དེ་ཡང་ རྒྱལ་བ་རིགས་ལྔའི་སྐུ་འདྲ་ལས་འགོ་བཟུང་ གཟི་མིག་༡༠༨ འབད་མི་ དེ་ལས་ སྐུ་གསུང་ཐུགས་ཀྱི་ནང་རྟེན་ བསམ་གྱིས་མ་ཁྱབ་ཅིག་ གུ་རུའི་ནང་རྟེན་སྦེ་ བཞུགས་སུ་གསོལ་ནི་ཨིན་པས།
ལྷུན་རྩེ་སྟག་སྐད་ལ་ལུ་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་འདྲ་བཞེངས་ནིའི་དོན་ལུ་ ས་བླངས་ཀྱི་རྟེན་འབྲེལ་དེ་ སྤྱི་ལོ་༢༠༠༥ ལུ་ འགོ་བཙུགས་ཡོད་རུང་ ལཱ་ངོ་མ་དེ་ སྤྱི་ལོ་༢༠༠༨ ལུ་མ་གཏོགས་ འགོ་བཙུགས་མ་ཚུགསཔ་ད་ ཁྱབ་ཚད་ས་ཆ་ཨེ་ཀར་༢༧ དེ་ཅིག་ཡོད་མིའི་ས་ཁོངས་ནང་ སྒོམ་དང་ ཐུན་གཏང་ནི་ དེ་ལས་ གྲྭ་ཚང་ཚུ་བཙུགས་ནིའི་ འཆར་གཞི་ཡང་ཡོདཔ་ཨིན་པས།
ད་རེས་ནངས་པ་ སྟག་མོ་ཆུ་ ཟུར་ལམ་བདའ་སྟེ་ རྩི་ནག་གཏང་ནིའི་ལཱ་ཡང་ འགོ་བཙུགས་ཡོདཔ་ལས་ ཕྱི་ནང་༢ ཀྱི་ དད་ཅན་གྱི་ ལྟ་བཤལཔ་ཚུ་ལུ་ གུ་རུའི་སྐུ་འདྲ་མཇལ་ནི་ལུ་ བྱ་སྟབས་བདེ་ཏོག་ཏོ་འོང་ནི་ཨིནམ་ལས་ མ་འོངས་པ་ལུ་ ལྷུན་རྩེ་རྫོང་ཁག་ སྟག་སྐད་ཀྱི་ས་གནས་དེ་ རྒྱལ་ཁབ་ནང་མ་ཚད་ འཛམ་གླིང་ནང་ལུ་ ཡོངས་གྲགས་ཅན་ཅིག་ལུ་ འགྱུར་ནི་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment