གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ནེམོ་ཚུ་གིས་ འཛིན་རིམ་༤ པའི་ བཀོད་ཚོགས་ཆོས་རྒྱུགས་རྐྱབ་ནི།

༧/༥/༢༠༡༣   ༉ སྒེར་གྱི་ཨ་ནེམོ་གྲྭ་ཚང་དང་ བཤད་གྲྭ་ལེ་ཤ་ཡོདཔ་བཞིན་དུ་ ཨ་ནེམོ་ཚུ་གིས་ རང་སོའི་འཛིན་རིམ་དང་འཁྲིལ་ བཀོད་ཚོགས་ཆོས་རྒྱུགས་ཚུ་ རྐྱབ་ཡོདཔ་ཨིན་རུང་ དུས་ཅི་ སྤ་རོ་སྐྱིད་ལ་དགོན་པ་བཤད་གྲྭའི་ ཨ་ནེམོ་ཚུ་གིས་ འཛིན་རིམ་༤ པའི་ གྲྭ་ཚང་བཀོད་ཚོགས་ཀྱི་ཆོས་རྒྱུགས་ རྐྱབ་ནི་ཨིན་མི་དེ་ རྒྱལ་ཁབ་ནང་ གཞུང་དབང་ལུ་ཡོད་པའི་ ཨ་ནེམོ་བཤད་གྲྭ་ཚུ་གི་གྲས་ལས་ འགོ་དང་པ་ཨིན་པས།
གྲྭ་ཚང་ལྷན་ཚོགས་ཀྱི་དྲུང་ཆེན་ ཀརྨ་དཔལ་འབྱོར་གྱིས་ ཨ་ནེམོ་ཚུ་ལུ་ ཤེས་ཚད་ལག་ཁྱེར་སྤྲོད་པའི་བསྒང་།


དེ་ཡང་ འཛིན་གྲྭ་༣ པ་མཐར་འཁྱོལ་མི་ ཨ་ནེམོ་༡༥ གིས་ འབྲེལ་གཏོགས་འབད་ནི་དང་ ཆོས་རྒྱུགས་དེ་ཡང་ དགེ་སློང་ཚུ་གིས་རྐྱབ་མི་ ཆོས་རྒྱུགས་དང་ ཅོག་འཐདཔ་སྦེ་ འོང་ནི་ཨིན་པས།
ཨ་ནེམོ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ འཇིག་རྟེན་པའི་ལཱ་སྤངས་སྟེ་ དམ་པའི་ཆོས་སྒོར་ལུ་ ཞུགས་ཚར་བའི་ཤུལ་ལུ་ དཔེ་ཆ་ཚུ་ལྷབ་སྟེ་ དགེ་སློང་ཚུ་དང་ འདྲན་འདྲ་སྦེ་ ཆོས་རྒྱུགས་རྐྱབ་ནིའི་ གོ་སྐབས་འཐོབ་ནི་ཨིན་མི་ལུ་བརྟེན་ སེམས་དགའ་ཡི་ཟེར་ཨིན་པས།
ཨིན་རུང་ ཁོང་གིས་ ཤེས་ཡོན་ཡར་སེང་འབད་དེ་ འགྱོ་བའི་བསྒང་ལས་ ད་ལྟོ་ཚུན་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཁར་ལས་ཕར་ ཨ་ནེམོ་ཚུ་གི་དོན་ལུ་ མཐོ་རིམ་ཤེས་ཚད་ སྦྱང་སའི་ས་ཁོངས་མེད་མི་ལུ་ ཚ་གྱང་ལང་ཡོདཔ་ཨིན་རུང་ དེ་ལུ་ གཞུང་གིས་ སྐྱིད་སྡུག་གཟིགས་གནང་འོང་མནོ་བའི་ རེ་བ་ཡོད་ཟེར་ ད་རེས་ཁམས་ འཛིན་གྲྭ་༣ པ་མཇུག་བསྡུ་མི་ ཨ་ནེམོ་ཅིག་གིས་སླབ་ཅི།
བཤད་གྲྭའི་དབུ་འཛིན་ ཡོན་ཏན་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཨ་ནེམོ་ཚུ་གིས་ མཐོ་རིམ་ཤེས་ཡོན་ཚུ་ འཕྲོ་མཐུད་དེ་ར་ སྦྱང་བཙོན་འབད་ནིའི་དོན་ལུ་ བཤད་གྲྭ་དེ་ མཐོ་རིམ་བཤད་གྲྭ་ལུ་ ཡར་སེང་འབད་དགོཔ་ཡོད་ཟེར་ཨིན་པས།
བཤད་གྲྭའི་འཛིན་གྲྭ་དང་པ་དང་༢ པ་དེ་ལས་༣ པ་མཐར་འཁྱོལ་མི་ཚུ་ལུ་ ཤེས་ཚད་ལག་ཁྱེར་ཚུ་ སྤྱི་ཟླ་༥ པའི་ཚེས་༤ ལུ་ གྲྭ་ཚང་ལྷན་ཚོགས་ཀྱི་དྲུང་ཆེན་ ཀརྨ་དཔལ་འབྱོར་གྱིས་སྤྲོད་ཡོདཔ་ད་ དེ་བསྒང་ཁོ་གིས་ སྐྱིད་ལ་དགོན་པའི་ཨ་ནེམོ་ཚུ་གིས་ དུས་ཅི་ བཀོད་ཚོགས་ཆོས་རྒྱུགས་ འགོ་དང་པ་རྐྱབ་ནི་དང་ དེ་གི་ཤུས་ལས་ སྤུ་ན་ཁ་ ཝ་ལ་ཁ་ཨ་ནེམོ་བཤད་གྲྭའི་ ཨ་ནེམོ་ཚུ་གིས་ རྐྱབ་ནི་ཨིན་ཟེར་སླབ་ཅི།
ཁོ་གིས་འབད་བ་ཅིན་ མ་གཞི་ སྐྱིད་ལ་དགོན་པ་དེ་ ཨ་ནེམོ་གྲྭ་ཚང་ནང་སྦེ་ སྡོད་པའི་སྐབས་ལས་འགོ་བཙུགས་ ཨ་ནེམོ་ལེ་ཤ་ཅིག་ར་ སྡོད་ཡོདཔ་ཨིན་རུང་ བཀོད་ཚོགས་ཀྱི་ཆོས་རྒྱུགས་རྐྱབ་མི་ འགོ་དང་པ་དེ་ དུས་ཅི་ འཛིན་གྲྭ་༤ པའི་ ཨ་ནེམོ་ཚུ་འབད་ནི་དེ་གིས་ ཁ་རྗེ་བཟང་ནུག་ཟེར་ཨིནམ་ད་ ད་ལས་ཕར་ དཔེ་ཆུ་ཚུ་ ལེགས་ཤོམ་སྦེ་ལྷབ་སྟེ་ ཤུལ་ལས་ སློབ་དཔོན་དང་ མཁན་པོ་འབད་དགོ་ཟེར་ སླབ་ཡོདཔ་ཨིན།
ཀརྨ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཁོ་གིས་ཨ་རྟག་ར་ སྐྱིད་ལ་དགོན་པ་དེ་ ཨ་ནེམོ་ཚུ་གི་དོན་ལུ་ ཤེས་ཡོན་སྦྱང་སའི་ སྤེལ་ཁང་གཙོ་ཅན་ཅིག་སྦེ་ བཟོ་ནིའི་མནོ་བསམ་བཏང་ཡོདཔ་ལས་ བཤད་གྲྭའི་གནས་ཚད་ ཡར་སེང་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
བཤད་གྲྭ་དེ་ གོང་འཕེལ་གཏང་ནི་ལུ་ གྲྭ་ཚང་ལྷན་ཚོགས་ལས་ རྒྱབ་སྐྱོར་ཡོདཔ་ཨིན་རུང་ དེ་དང་འཁྲིལ་བའི་ དཔེ་ཆ་ལྷབ་མི་ ཨ་ནེམོ་ཚུ་ཡང་ དགོཔ་ཁག་ཆེ་ཟེར་སླབ་ཅི།
སང་ཕོད་ལས་ བཤད་གྲྭ་དེ་ མཐོ་རིམ་བཤད་གྲྭ་ལུ་ ཡར་སེང་འབད་ནི་ཟེར་ཨིནམ་ད་ འགྲོས་ཀྱིས་སྦེ་ དགོས་མཁོ་དང་འཁྲིལ་ དགེ་བཤེས་སྦྱང་སའི་ས་ཁོངས་ཡང་ བཟོ་ནི་ཨིན་ཟེར་ ཀརྨ་དཔལ་འབྱོར་གྱིས་ ཨ་ནེམོ་ཚུ་ལུ་ སླབ་ཡོདཔ་ཨིན།
སྐྱིད་ལ་དགོན་པ་དེ་ ཅེ་ལེ་ལ་ལྷོད་ནི་ལུ་ ཀི་ལོ་མི་ཊར་དག་པ་ཅིག་གི་ སྤ་རོ་དང་ ཧཱ་གཞུང་ལམ་གྱི་ གཡས་ཁ་ཐུག་ལུ་ བྱག་གི་རྩ་བར་ མཐོང་གསལ་ཅན་སྦེ་ ཆགས་ཏེ་ཡོདཔ་ད་ དགོན་པ་དེ་ཡང་ དུས་རབས་༨ པ་དེ་ཅིག་གི་སྔོན་ལས་ རྒྱལ་བ་ལོ་རས་པའི་ ཐུགས་སྲས་གཙོ་བོ་ གདུང་རབས་༤ པ་ ཆོས་རྒྱལ་ནོར་བུ་གིས་ གདན་ས་ཕྱག་བཏབ་གནང་ཡོདཔ་ཨིན་པས།
བཤད་གྲྭ་དེ་ནང་ ད་རེས་ཨ་ནེམོ་༧༧ ཡོད་ས་ལས་༣༥ མ་གཏོགས་ ཐོ་བཀོད་འབད་དེ་མེདཔ་ཨིན་པའི་གནས་ཚུལ།

སྐྱིད་ལ་དགོན་པ་ལས་ ཉི་མ་དབང་འདུས།

No comments:

Post a Comment