གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༧/༥/༢༠༡༣   ཞི་གཡོགཔ་ཚུ་ སྲིད་དོན་དང་ འབྲེལ་བ་མེདཔ་ གནས་ཚུགས་ནི་ཨིན་ན?
༉ ཁ་ཙ་ གནས་སྐབས་གཞུང་གིས་ གཞུང་གི་ལྷན་ཁག་ཚུ་ལུ་ ཡིག་ཚང་བཀའ་རྒྱ་ཅིག་ གནང་མིའི་ནང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ སྤྱི་ཚོགས་གཉིས་པའི་ བཙག་འཐུའི་དུས་ཚོད་ཨིནམ་ལས་ ཞི་གཡོགཔ་ཚུ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་ནི་དང་ ལག་ལེན་འཐབ་ནི་ལ་སོགས་པའི་ ཚུལ་མིན་གྱི་ལཱ་ནང་ རེག་གཏོགས་འབད་མ་ཆོག་པར་ སྲིད་དོན་དང་ འབྲེལ་བ་མེདཔ་སྡོད་དགོ་ཟེར་བཀོད་ནུག།


དེ་བཟུམ་མའི་ ས་གནས་གཞུང་གིས་ བཀའ་རྒྱ་བཏོན་མི་དེ་ཡང་ འབྲུག་གི་མི་སྡེ་ཆུང་ཀུའི་ནང་ ཚོགས་དཀྲུགས་དང་ བརྡ་དཀྲུགས་ཀྱི་ སྟབས་མ་བདེ་བའི་ དཀའ་ངལ་འབྱུང་མ་བཅུག་པར་ ཁྱིམ་གཅིག་ནང་གི་ བཟའ་ཚང་བཟུམ་སྦེ་ འཆམ་མཐུན་གྱི་སྒོ་ལས་ གཅིག་འགྱུར་གྱི་ དགའ་སྐྱིད་དང་ ཞི་བདེ་འཕེལ་རྒྱས་ སྔར་ལས་ལྷགཔ་སྦེ་ གནས་ཐབས་ལུ་དམིགས་ཏེ་ཨིན་མས།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༦ པའི་རྩ་ཚན་༡ པའི་དགོངས་དོན་དང་འཁྲིལ་རུང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་གཞི་བཙུགས་འབད་ཡོད་མི་དེ་ཡང་ འཇོན་ཚད་དང་ དྭངས་གསལ་ འཁྲི་འགན་ལྡན་པའི་ རྣམ་གཞག་གི་སྒོ་ལས་ སྤྱི་འགན་སྒྲུབ་མི་ རང་དབང་ཅན་དང་ སྲིད་དོན་འབྲེལ་མེད་ཀྱི་ ཞི་གཡོགཔ་ཅིག་ ཡར་དྲག་གཏང་ནི་དང་ ངེས་བརྟན་ཡོདཔ་ བཟོ་དགོ་ཟེར་ གསལ་བཀོད་འབད་དེ་ཡོདཔ་ཨིན།
དེ་མ་ཚད་ རྒྱལ་གཞུང་ཞི་གཡོག་བཅའ་ཁྲིམས་༢༠༡༠ ཅན་མའི་ནང་ཡང་ ཞི་གཡོགཔ་ཚུ་ སྲིད་དོན་གྱི་ལཱ་ བཅའ་མར་གཏོགས་ནི་དང་ ལག་ལེན་འཐབ་མ་ཆོགཔ་སྦེ་ཡོད་རུང་ ཞི་གཡོགཔ་ཚུ་ སྲིད་དང་འབྲེལ་བ་མེདཔ་ ག་དེ་སྦེ་ གནས་ཚུགས་ནི་ཨིན་ན་ཟེར་ ལྟ་རྟོག་པ་ཚུ་གིས་ སླབ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ཞི་གཡོགཔ་ལ་ལུ་ཅིག་ སྲིད་དོན་ནང་ འབྲེལ་གཏོགས་ཧྲིལ་བུ་འབད་སར་ མཐོང་གསལ་བྱུང་པའི་ ལོ་རྒྱུས་གོཝ་མ་ཚད་ གྲོང་གཡུས་ཀྱི་ མི་སེར་ལེ་ཤ་ཅིག་ར་ ཞི་གཡོག་ནང་ཡོད་མི་ རང་སོའི་ཉེ་ཚན་དང་ ཕོ་སྤུན་དང་ མོ་སྤུན་ཚུ་གིས་ ག་སླབ་མི་ལུ་ ཉན་སྡོད་དོ་ཡོདཔ་ལས་ སྲིད་དང་འབྲེལ་བའི་ རྒྱུད་བསྐུལ་ཚུ་ ཐད་ཀར་དང་ ཐད་ཀར་མིན་པའི་སྒོ་ལས་ འབད་དང་འབད་བཞིན་དུ་ ཡོད་ནི་དེ་གིས་ ཞི་གཡོགཔ་ཚུ་ སྲིད་དོན་འབྲེལ་མེད་ཐོག་ སྡོད་དགོ་ཟེར་མིའི་ ཁྲིམས་ལུགས་ཚུ་ལུ་ བརྙས་བཅོས་འབད་བའི་ཁར་ ལ་ལུ་ཅིག་གིས་ མེས་མེད་སྐྱུརཝ་ཨིན་མས།
སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་དང་པའི་ བཙག་འཐུའི་བྱ་རིམ་ཐེངས་དང་པ་ འགོ་འདྲེན་འཐབ་པའི་སྐབས་ལུ་ཡང་ སྲིད་དོན་ཚོགས་པ་ཅིག་ ཕམ་སོ་མི་དེ་ ཞི་གཡོགཔ་ཚུ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ རྒྱུད་བསྐུལ་འབད་ནི་དེ་གིས་ཨིན་ཟེར་ གཞུང་འབྲེལ་ཐོག་ལས་ ཉོགས་བཤད་བཀོད་ཡོདཔ་་བཞིན་དུ་ ད་རིས་ཀྱི་ བཙག་འཐུ་ཚུ་ནང་ཡང་ རྒྱུད་བསྐུལ་འབད་ནི་གི་ འོས་འབབ་འདུག་ཟེར་ ལྟ་རྟོག་པ་ཚུ་གིས་ སླབ་ཨིན་མས།
ད་རེས་ནངས་པ་ ཞི་གཡོག་ནང་ ཞི་གཡོགཔ་༢༣,༠༠༠ ལྷགཔ་ཅིག་ཡོད་མི་ཚུ་གི་གྲས་ལས་ ག་དེམ་ཅིག་གིས་ སྲིད་དོན་དང་འབྲེལ་བ་མེདཔ་ སྡོད་འོང་ག་ཟེར་ དྲི་བ་ཅིན་ བརྒྱ་ཆ་༠.༠༡ མ་གཏོགས་མི་འོང་ཟེར་ བསམ་འཆར་བཀོདཔ་ཨིན་མས།
ཞི་གཡོགཔ་ཚུ་གིས་ གཡུས་ཁར་སྡོད་མི་ཚུ་ལུ་ རྒྱུད་བསྐུལ་འབད་མི་དེ་ཡང་ སྲིད་ཚོགས་དང་ འདེམས་ངོ་ག་དྲགཔ་ཨིན་ན་ ཧ་གོ་ནི་དེ་གིས་ ཨིནམ་འོང་ནི་ཨིན་རུང་ རེ་ཚེ་སྐབས་ དགའཝ་མ་དགའཝ་དང་ མཐུན་འགྱུར་ ཕྱོགས་ལྷུང་གི་དབང་ལུ་ཐལ་ཏེ་ རང་མོས་དང་ རྣམ་དག་གི་ བཙག་འཐུའི་བྱ་རིམ་ལུ་ ཐོ་ཕོག་ནིའི་ ཉེན་ཁ་ཡོད།
ཨིན་རུང་ མཐའ་ཟུར་གྱི་ མི་སེར་ཚུ་ཡང་ ན་འཐན་ཁུག་ཡོདཔ་ལས་ ཞི་གཡོགཔ་ཚུ་གིས་ རྒྱུད་བསྐུལ་འབད་རུང་ ཉན་ཁུག་མི་བཏབ་ནི་བཟུུམ་ཡོདཔ་ད་ ང་བཅས་ཀྱིས་ དཔྱད་བལྟ་རུང་ ཁོང་རའི་ཐོབ་དབང་ཚུ་ ག་དེ་སྦེ་ བསྟར་སྤྱོད་འབད་ནི་ཨིན་ན་ ཧེ་མ་དང་ཕྱདཔ་ད་ ལེ་ཤ་གིས་ ཤེས་རྟོགས་བྱུང་ནུག།
གནད་དོན་ག་དེ་སྦེ་ར་ཨིན་རུང་ ཞི་གཡོགཔ་ཚུ་གི་ཐད་ལུ་ལྷོདཔ་ད་ སྲིད་དོན་དང་ འབྲེལ་བ་མེདཔ་ སྡོད་ནི་དེ་ ལཱ་ཁག་འོང་ནི་ཨིན་རུང་ སྲིད་དོན་ནང་ ཐད་ཀར་དུ་ བཅའ་མར་གཏོགས་མི་དང་ ཡང་ཅིན་ ཚོགས་རྒྱུན་སྐྱུར་མི་ཚུ་ལུ་ སྦ་གསང་མེད་པར་ རྒྱབ་སྐྱོར་དང་ རྒྱུད་བསྐུལ་འབད་བ་ཅིན་ ཁྲིམས་ལུགས་དང་འཁྲིལ་ ཞི་གཡོག་ལྷན་ཚོགས་དང་ འབྲེལ་ཡོད་གཙུག་སྡེ་ཚུ་གིས་ ངོས་ལེན་དམ་དམ་འབད་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment