གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ར་ལྡི་–སག་སྟེང་འདེམས་ཁོངས་ཀྱི་ འདེམས་ངོ་༤ པོ་ཆ་ར་ ར་ལྡི་ལས་ཨིནམ།

༡༣/༥/༢༠༡༣    དེ་འབདཝ་ལས་ འགོ་ཐོག་བཙག་འཐུའི་སྐབས་ མི་སྡེའི་གཅིག་མཐུན་དང་ ཚོགས་རྒྱན་ཚུ་ ཁ་གཏོར་འགྱོ་ནིའི་འོས་འབབ།
༉ སྤྱི་ལོ་༢༠༡༣ གྱི་ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་དེ་གིས་ བཀྲིས་སྒང་རྫོང་ཁག་ ར་ལྡི་མི་སྡེའི་ནང་འཁོད་ཀྱི་ གཅིག་སྒྲིལ་དང་ མཐུན་འབྲེལ་ཚུ་ ལོ་ལྔའི་ཧེ་མ་བཟུམ་སྦེ་མིན་པར་ ལཱ་ཁག་ཅན་ཅིག་གི་ གནས་སྟངས་ལུ་ འགྱུར་ནི་གི་ འོས་འབབ་ཡོད་མི་དེ་ཡང་ ར་ལྡི་–སག་སྟེང་འདེམས་ཁོངས་ཀྱི་དོན་ལུ་ སྲིད་དོན་ཚོགས་པ་༤ ཆ་རའི་ འདེམས་ངོ་ཚུ་ ར་ལྡི་ལས་འབད་ནི་དེ་གིས་ཨིན་མས།


འགོ་ཐོག་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་འཇིགས་མེད་དབང་ཕྱུག་དེ་ ར་ལྡི་རྒེད་འོག་བྱོན་ལ་གཡུས་ཚན་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ འཇིགས་མེད་ཚུལ་ཁྲིམས་དེ་ བདེ་སྐྱིད་གླིང་ལས་ཨིནམ་ད་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀུན་ལེགས་རྡོ་རྗེ་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ གོང་སར་ཀརྨ་ཆོས་འཕེལ་༢ ཆ་ར་ ཏོག་ཤི་མང་ལས་ཨིན་པས།
དེ་འབདཝ་ད་ ཚོགས་རྒྱན་སྐྱུར་མི་ཚུ་ མང་ཤོས་ར་ དོ་འགྲན་འབད་མི་ འདེམས་ངོ་༢ ཡོད་པའི་ ཏོག་ཤི་མང་གཡུས་ཚན་ནང་ བགོ་བཤའ་རྐྱབ་འགྱོ་ནི་གི་ འོས་འབབ་ཡོདཔ་ད་ ཁོང་གཉིས་ཆ་ར་ ཏོག་ཤི་མང་སྣག་ཚང་ གཡུས་ཚན་ལས་ འབད་ནི་དེ་གིས་ཨིན་པས།
སྲིད་དོན་གནས་སྟངས་ལུ་ དུས་རྒྱུན་དུ་ ལྟ་རྟོག་འབད་མི་ཚུ་གི་ བསམ་འཆར་ལས་འབད་བ་ཅིན་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་ ར་ལྡི་རྒེད་འོག་གི་ སྤྱི་འོག་སོ་སོ་ལས་ཨིནམ་ལས་ རྒེད་འོག་དེ་ནང་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་སྐྱུར་མི་༣,༣༡༡ ཡོད་མི་ཚུ་ བགོ་བཤའ་རྐྱབ་འགྱོ་འོང་ཟེར་ཨིན་པས།
ཧེ་མའི་ བཙག་འཐུ་ཚུ་གི་སྐབས་ལུ་ཡང་ མི་སེར་ཚུ་གིས་ རང་སོའི་གཡུས་ཚན་དང་ སྤྱི་འོག་ལས་ འདེམས་ངོ་སྦེ་ཐོན་མི་ ཉེ་ཚན་དང་ ངོ་ཤེས་འདྲིས་ཤེས་ཡོད་མི་ལུ་ལྟ་སྟེ་ ཚོགས་རྒྱན་བཙུགས་ཡོདཔ་ལས་ ད་རིས་ཀྱི་ བཙག་འཐུ་ནང་ཡང་ ཧེ་མ་དང་ དབྱེ་བ་ག་ནི་ཡང་ མི་འོང་ནི་བཟུམ་ མཐོང་སྣང་བྱུངམ་མས་ཟེར་ ལྟ་རྟོག་པ་ཚུ་གིས་ སླབ་ཨིན་པས།
མི་ཚུ་གིས་ འདེམས་ངོའི་ལྕོགས་གྲུབ་དང་ འཇོན་སྟངས་ལུ་མ་ལྟ་བར་ རང་གི་ གཡུས་ཚན་གྱི་མི་དང་ གཉེན་ཉེཝ་ཕོག་མི་ཚུ་ལུ་ ཚོགས་རྒྱན་བཙུགས་ནི་དེ་གིས་ ཚོགས་རྒྱན་ཚུ་ ཁ་གཏོར་འགྱོ་ནི་བཟུམ་མཐོངམ་མས་ཟེར་ ར་ལྡིའི་ལྟ་རྟོག་པ་ཅིག་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ འབྲུག་མཉམ་རུབ་ཚོགས་པའི་ མེ་རག་རྒེད་འོག་གི་ འགོ་འདྲེན་པ་ ཚེ་རིང་དབང་འདུས་ཀྱིས་འབད་བ་ཅིན་ རི་ལྡིཔ་ཚུ་ དོ་འགྲན་འབད་མི་༤ ཆ་ར་ རི་ལྡི་རྒེད་འོག་ལས་འབད་ནི་དེ་གིས་ ཧ་ལས་ཏེ་ཡོད་རུང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཉེ་ཚན་ཚུ་ལུ་ བལྟ་ནི་མིན་པར་ སྲིད་ཚོགས་དང་ འདེམས་ངོ་ དེ་ལས་ སྲིད་ཚོགས་ཀྱི་ ལྟ་བ་དང་ ཁས་བླངས་ཚུ་ལུ་ གཞི་བཞག་སྟེ་ བཙུགས་ནི་དེ་ གལ་ཆེ་ཟེར་ཨིན་པས།
ལྟ་རྟོག་པ་ཚུ་གིས་འབད་བ་ཅིན་ གལ་སྲིད་ རི་ལྡིའི་མི་སེར་ཚུ་ ཁག་དབྱེ་འགྱོ་བ་ཅིན་ འདེམས་ཁོངས་དེ་ནང་ འགོ་ཐོག་བཙག་འཐུའི་སྐབས་ མེ་རག་དང་ སག་སྟེང་ ཕོངས་མེད་རྒེད་འོག་ཚུ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཁྱད་པར་བཟོ་འོང་ཟེར་ཨིནམ་ད་ དེ་ཡང་ མེ་རག་དང་ སག་སྟེང་ལུ་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་༡,༡༣༣ དང་ ༡,༡༨༦ ཡོད་རུང་ ཕོངས་མེད་རྒེད་འོག་ནང་ ཚོགས་རྒྱན་སྐྱུར་མི་༢,༦༥༠ ཡོདཔ་ལས་ རྒྱལ་ཁའི་ཐག་བཏོག་ནིའི་ནང་ ལྷད་ཐབས་སྦོམ་སྦེ་ར་ འབད་ཚུགས་ཟེར་ཨིན་པས།
སྲིད་ཚོགས་གང་རུང་ཅིག་གིས་ ཕོངས་མེད་ལས་ ཚོགས་རྒྱན་མངམ་ཐོབ་མི་དེ་གིས་ འགོ་ཐོག་བཙག་འཐུའི་ནང་ རྒྱལ་ཁ་ཐོབ་འོང་ཟེར་ མེ་རག་ལས་ གྲོང་གཡུས་མི་སེར་ ཕུར་པ་གིས་ སླབ་ཨིན་པས།
སྲིད་ཚོགས་ཚུ་གིས་ འདེམས་ངོ་ཆ་མཉམ་ར་ ར་ལྡི་ལས་ གདམ་འཐུ་འབད་དགོ་པའི་ གནད་དོན་ག་ཅི་ཨིན་ན་ ཤེས་མ་ཚུགས་རུང་ ལྟ་རྟོག་པ་ཚུ་གིས་འབད་བ་ཅིན་ རྒེད་འོག་དེ་ནང་ འབྲི་ལྷག་གི་ ཤེས་ཡོན་ཡོད་མི་ མངམ་ཡོད་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
སྲིད་དོན་ཚོགས་པ་ཚུ་གིས་ ཤེས་ཡོན་ཅན་གྱི་ འདེམས་ངོ་ལངམ་སྦེ་ ཐོབ་ཚུགས་མི་དེ་ཡང་ ར་ལྡི་ལུ་ སྤྱི་ལོ་༡༩༦༠ རེ་གྲངས་ལུ་ སློབ་གྲྭ་འགོ་དང་པ་ གཞི་བཙུགས་འབད་མི་ལུ་བརྟེན་ ཨིནམ་འོང་ཟེར་ ར་ལྡིའི་ལྟ་རྟོག་པ་ཅིག་གིས་ སླབ་ཨིན་པས།
གྲོང་གསེབ་མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ ར་ལྡི་ལས་ འདེམས་ངོ་ཚུ་ བཙུགས་དགོ་མི་དེ་ཡང་ མེ་རག་དང་ སག་སྟེང་རྒེད་འོག་ཚུ་ལས་ མཐོ་རིམ་ཤེས་ཚད་ཡོད་མི་ལངམ་མེད་ནི་དེ་གིས་འོང་ཟེར་ཨིན་པས།
ཕོངས་མེད་རྒེད་འོག་ནང་ ཤེས་ཡོན་ཅན་གྱི་ མི་ལེ་ཤ་ཡོད་རུང་ སྲིད་ཚོགས་ནང་ འཛུལ་བ་ཅིན་ རང་སོའི་ཉེན་སྲུང་ལྡན་པའི་ ལཱ་གཡོག་ཡོད་མི་དེ་ བྱང་ཉེན་ཡོདཔ་ལས་ བཅའ་མར་མ་གཏོགས་པས་ཟེར་ ཕོངས་མེད་ལས་ ཚེ་རིང་རྒྱལ་མཚན་གྱིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment