གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་སྐྱོང་ནིའི་གོ་སྐབས་གནང་པ་ཅིན་ གོང་འཕེལ་གྱི་ལཱ་ཚུ་ འཕྲོ་མཐུད་འབད་ནིའི་ཁས་བླངས།

༣/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ མོང་སྒར་རྫོང་ཁག་ སྐྱེངས་མཁར་-ཝེ་རིང་ལ་འདེམས་ཁོངས་ཀྱི་ མི་སེར་ཚུ་དང་གཅིག་ཁར་ རྒྱལ་པོའི་ཞིང་ལུ་སྦེ་ ཁས་བླངས་བསྐུལ་བསྒྲགས་ འགོ་འདྲེན་འཐབ་ཅི།

འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ རྒྱལ་པོའི་ཞིང་ལུ་ བསྐུལ་བསྒྲགས་འབད་བའི་བསྒང་།


སྲིད་འཛིན་གྱིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ དམངས་གཙོའི་ལམ་ལུགས་ འགོ་དང་པ་འགོ་བཙུགས་པའི་སྐབས་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་ཐོབ་མི་དེ་ཡང་ མི་སེར་ཚུ་གི་རྒྱབ་སྐྱོར་དང་ བློ་གཏད་ཡིད་ཆེས་ཡོདཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
དུས་ཅི་ཡང་ འབྲུག་ཕུན་སུམ་ཚོགས་པ་ལུ་ བློ་གཏད་ཡིད་ཆེས་ཡོད་པ་ཅིན་ མི་སེར་ཚུ་ལུ་ དམ་ཚིག་གཙང་མའི་ཐོག་ལས་ ཕྱག་ཞུ་ནིའི་ཁས་ལེན་ ཕུལ་ནི་ཟེར་ཨིན་པས།
དུས་ཅི་ སྤྱི་ཚོགས་༢ པའི་ནང་ སྲིད་ཚོགས་༤ གིས་ དོ་འགྲན་འབད་དོ་ཡོདཔ་ལས་ འདས་པའི་སྤྱི་ཚོགས་ཀྱི་ བཙག་འཐུ་དང་ མི་འདྲ་ནི་ཨིནམ་ལས་ དུས་ཅི་ བཙག་འཐུ་ཐེངས་༢ འབད་དགོཔ་ལས་ མི་སེར་ཚུ་གིས་འབད་རུང་ རིགཔ་བསྒྱིམ་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ལོ་༥ གི་རིང་ གཞུང་སྐྱོང་སྦེ་ ཕྱག་ཞུ་བའི་སྐབས་ལུ་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ ཆགས་སྡང་ཕྱོགས་རིས་མེད་པར་ འདྲ་མཉམ་དང་དྲང་བདེན་ཐོག་ལས་ ཕྱག་ཕྱིད་ཞུ་ཡི་ཟེར་ཨིནམ་ད་ དེ་ཡང་ འཁོར་ལམ་དང་ གློག་མེ་ འགྲུལ་འཕྲིན་ གསོ་བ་ ཤེས་རིག་ འཐུང་ཆུ་ཚུ་གི་དཀའ་ངལ་ཚུ་ རྩ་འགེངས་ཏེ་ བསལ་ཡི་ཟེར་ཨིནམ་ད་ ད་རེས་ནངས་པ་ གྲུབ་འབྲས་ཡང་ མིག་གིས་མཐོང་སར་ ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་ སྤྱི་ལོ་༢༠༠༨ ལུ་ ཁས་བླངས་༡༥༣ ཕུལ་ཡོད་མི་ཚུ་ ཆ་མཉམ་ར་ གྲུབ་ཚུགས་ཏེ་ཡོད་ཟེར་ཨིན་རུང་ ཁས་བླངས་༣ ལུ་ འཐུས་ཤོར་བྱུང་ཡོད་མི་དེ་ མི་སེར་ཚུ་གིས་ ཧ་གོ་ཟེར་ཨིན་པས།
གལ་སྲིད་ མི་སེར་ཚུ་གིས་ གཞུང་སྐྱོང་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ བློ་གཏད་ཡིད་ཆེས་ཐོག་ལས་ ད་རུང་ གཞུང་སྐྱོང་ནིའི་ གོ་སྐབས་གནང་པ་ཅིན་ རྒྱལ་ཁབ་ནང་ ད་ལྟོ་ གོང་འཕེལ་གྱི་ལཱ་ འབད་འཕྲོ་ཡོད་མི་ཚུ་ འཕྲོ་མཐུད་འབད་ནིའི་ཁས་ལེན་ཡོད་ཟེར་ཨིན་པས།
དེ་ཡང་ འཁོར་ལམ་ལྷོད་མ་ཚུགས་མི་ གཡུས་སྒོ་ཚུ་ནང་ འཁོར་ལམ་བསལ་ནི་ གློག་མེ་མ་ལྷོད་མི་ཚུ་ནང་ གློག་མེ་བཙུགས་ནི་ དེ་ལས་ ན་གཞོན་ལཱ་གཡོག་གི་ དཀའ་ངལ་སེལ་ཐབས་ལུ་ ལས་གཡོག་བློན་པོ་འོག་མ་ཅིག་ བསྐོ་བཞག་འབད་དེ་ རྒྱལ་ཁབ་ནང་ ན་གཞོན་ཚུ་ ལཱ་གཡོག་མེད་པར་ མི་བཞག་ཟེར་ཨིན་པས།
དེ་མ་ཚད་ རྒེད་འོག་ཚུ་ནང་ འཁོར་ལམ་ཚུ་ རྩི་གནག་གཏང་ནི་དང་ གལ་སྲིད་བཏང་མ་ཚུགས་རུང་ གནམ་བྱཱར་དགུན་མེད་པར་ སྣུམ་འཁོར་འགྲོ་འགྲུལ་འབད་ཚུགས་པའི་ འཁོར་ལམ་ཅིག་སྦེ་ བཟོ་ནི་ཟེར་ཨིན་པས།
རྒྱལ་ཁབ་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ ལོ་༥ འི་རིང་ ཕྱག་ཞུ་བའི་སྐབས་ལུ་ དབུལ་ཕོངས་ཀྱི་དཀའ་ངལ་བརྒྱ་ཆ་༢༣ ལས་༡༢ ལུ་ མར་ཕབ་འབད་ཚུགསཔ་མ་ཚད་ ད་རུང་ བརྒྱ་ཆ་༥ གུ་ ཕབ་ནིའི་ཁས་ལེན་ཡོད་ཟེར་ཨིན་པས།
དེ་ཡང་ གྲོང་གསེབ་ཚུ་ནང་ ལྟ་བཤལ་པ་ཚུ་ སྡོད་ནིའི་དོན་ལུ་ གཡུས་ཚན་ཅིག་ནང་ ཁྱིམ་༥ དང་༦ ལྟ་བཤལཔ་ཚུ་ སྡོད་ཚུགས་པའི་ཁྱིམ་རྐྱབ་ནི་ལུ་ གཞུང་གིས་ རྒྱབ་སྐྱོར་འབད་ནི་ཟེར་ཨིནམ་ད་ ད་རེས་ནངས་པ་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་བའི་ དཀའ་ངལ་དེ་ མ་འོངས་པ་ལུ་ གྲོང་གསེབ་ནང་ དེང་སང་གི་ མཐུན་རྐྱེན་ཚུ་བཙུགས་ཏེ་ གྲོང་གསེབ་དགའ་ཏོག་ཏོ་ བཟོ་ནི་ལུ་ གཙོ་རིམ་བཟུང་ནི་ཟེར་ཨིན་པས།
དེ་མ་ཚད་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ མི་རྒན་རྒས་ཚུ་ གཡུས་ཁར་ལུས་ཏེ་ སྟབས་མ་བདེཝ་ཐོན་དོ་ཡོད་མི་དེ་ གཞུང་སྐྱོང་གི་ གོ་སྐབས་འཐོབ་པ་ཅིན་ སྐྱེས་ལོ་༦༥ ལས་ཡར་བཅད་ གཞུང་གིས་ དྲིན་འཐུས་ཅིག་ བཟོ་ཞིནམ་ལས་ དྲིན་འཐུས་ཕུལ་ཏེ་ སྟབས་བདེཝ་བཟོ་ནི་ཟེར་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ སྨན་ཁང་ནང་འགྱོ་རུང་ རྒན་རྒས་ཚུ་ གྱལ་བཙར་ཏེ་སྡོད་དགོ་མི་ཚུ་ སྡོད་མ་དགོཔ་བཟོ་ནི་དང་གཅིག་ཁར་ ཕར་ཚུ་འགྲོ་འགྲུལ་འབད་རུང་ གནམ་གྲུ་དང་ སྐྱེལ་འདྲེན་བཱསི་གི་གླ་ཚུ་ བརྒྱ་ཆ་ལས་༥༠ ལས་བརྒལ་ སྤྲོད་མ་དགོཔ་བཟོ་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་གིས་ ལོག་བཙག་འཐུ་འགྲུབ་པ་ཅིན་ རྒྱལ་པོའི་ཞིང་གི་ཁྲོམ་དེ་ ཁྲོམ་སྦོམ་ཤོས་ཅིག་ལུ་ བཟོ་ནི་ཟེར་ཨིན་པས།
ཨིན་རུང་ ལོ་ངོ་བཅུ་ཕྲག་ལས་ལྷག་པའི་གནས་སྟངས་ཚུ་ ད་རེས་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་སྐྱོང་གི་སྐབས་ལུ་ ངན་ལྷད་ཀྱི་ལཱ་ཨིན་ཟེར་ བརྡ་བརྒྱུདཔ་ཚུ་གིས་ ཁ་ཉེས་བཀལ་ཏེ་བྲིས་ཡོདཔ་ལས་ བརྡ་བརྒྱུདཔ་ཚུ་གིས་ བྲིས་མི་དེ་ བཀའ་འགྱུར་བསྟན་འགྱུར་མེནམ་ལས་བརྟེན་ བྲིས་ཚད་གཅིགཔོ་ མི་སེར་ཚུ་གིས་ ཆ་བཞག་ནི་མི་འོང་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་པོའི་ཞིང་ལུ་ བློན་ཆེན་གྱི་ ས་ཡོད་མི་དེ་ཡང་ ལོག་ཁྲོམ་སྡེ་ལུ་ ཕུལ་ནི་ཟེར་ཨིནམ་ད་ དེ་ཡང་ མི་སེར་ཚུ་གི་ སེམས་ལས་འབད་བ་ཅིན་ ཁྲོམ་སྦོམ་བཟོ་ནིའི་དོན་ལུ་བཞག་ནུག་ཟེར་ ཁ་ཉེས་ཕོག་ནི་ཨིནམ་ལས་ མ་གཞི་ རྒྱལ་པོའི་ཞིང་ལུ་ ས་ལེན་ནིའི་སྤྲོ་བ་མེད་དོ་བཟུམ་སྦེ་ ག་གིས་ཡང་ སྤྲོ་བ་མེད་ཟེར་ཨིན་པས།
དེ་ཡང་ རྒྱལ་པོའི་ཞིང་དེ་ བྱེམ་ཐང་འབད་ནི་དེ་གིས་ ལོ་ཐོག་ཚུ་ ག་ཅི་ཡང་མ་འཚོ་ནི་དེ་གིས་ མི་སེར་ཚུ་གིས་ ས་ཆ་སྤྱོད་ནི་མེད་པར་བཞག་ཡོདཔ་མ་ཚད་ མི་སེར་ག་གིས་ཡང་ གཞུང་གིས་ ས་ལེན་པའི་སྐབས་ལུ་ ས་ཆ་དེ་ བྱེམ་ཐང་འབད་ནི་དེ་གིས་ སྣང་དག་མ་བསྐྱེད་པའི་ཁར་ ཀུ་རི་ཆུ་གློག་མེ་ལས་འཛིན་གྱིས་ ལེན་ཞིནམ་ལས་ གློག་མེ་ལས་འཛིན་ འགོ་བཙུགས་ཏེ་ ས་ལྷག་དེ་ རྫོང་ཁག་བདག་སྐྱོང་ལུ་ཕུལ་ཡོདཔ་ལས་ རྫོང་ཁག་བདག་སྐྱོང་གིས་ གཞུང་གི་ལམ་ལུགས་དང་འཁྲིལ་ ས་ཉོ་མི་ཚུ་གིས་ ས་རིན་གཞུང་ལུ་ཕུལ་ཏེ་ ས་ལེན་ཡོད་རུང་ ད་རེས་ནངས་པ་ སྟོབས་ཅན་དབང་ཅན་ཚུ་ལུ་སྤྲོད་དེ་ ངན་ལྷད་ཀྱི་ལཱ་འབད་ནུག་ཟེར་ བཀོད་དེ་ཡོད་ཟེར་ཨིན་པས།
མོང་སྒར་རྫོང་ཁག་གི་ མི་སེར་ཚུ་གིས་མ་ཚད་ ཉེ་འདབས་ཀྱི་རྫོང་ཁག་ཚུ་གི་ མི་སེར་ཚུ་ལུ་ཡང་ཕན་ཐོག་པའི་ སྦོང་སྡེ་མ་ལུ་ བཟོ་གྲྭ་འཕྲུལ་ཁང་ཅིག་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་དང་ ཀུ་རི་གོང་རི་ལས་འགུལ་དང་ མི་སེར་ཚུ་ལུ་ ཧ་ཟས་དོག་མའི་ཤིང་ཚུ་འཛུགས་སྐྱོང་འབད་བཅུག་ནི་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱབ་སྐྱོར་འབད་ནི་གི་ ཁས་ལེན་ཡོད་ཟེར་ཨིན་པས།
དུས་ཅི་ སྤྱི་ཚོགས་༢ པའི་ནང་ ཚོགས་པ་༤ ཡོདཔ་མ་ཚད་ འབྲུག་ཕུན་སུམ་ཚོགས་པའི་ ལས་རྟགས་བཟུམ་སྦེ་ ད་རུང་ བྱ་ཅིག་ཡོདཔ་ལས་ རང་གིས་མནོ་མི་དེ་ འཛོལ་ནི་མི་འོང་ཟེར་ཨིནམ་ད་ རང་གི་ལགཔ་ཁར་ཡོད་པའི་ ཚོགས་རྒྱན་ཕུད་རྡོག་གཅིགཔོ་དེ་ ནོར་བུ་ཨིནམ་ལས་ ནོར་བུ་ལུ་ རང་གིས་དམ་ཚིག་གཙང་མའི་ཐོག་ལས་ ཡིད་ཆེས་ཡོད་པ་ཅིན་ དངོས་གྲུབ་ཐོབ་སྟེ་ རང་གི་བསམ་པའི་དོན་ཚུ་ འགྲུབ་ཚུགས་ནི་ཨིནམ་ལས་ ནོར་བུ་དེ་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ མཐའ་དམ་ཚིག་བསྐྱེད་མི་ ག་ཨིན་ན་ བལྟ་ཞིནམ་ལས་ ཕུལ་དགོ་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ནང་ འདེམས་ཁོངས་༣ ཡོདཔ་ད་ མོང་སྒར་སྐྱེངས་མཁར་-ཝེ་རིང་ལ་འདེམས་ཁོངས་ཀྱི་དོན་ལུ་ བསྐུལ་བསྒྲགས་དེ་ རྒྱལ་པོའི་ཞིང་ལུ་དེ་ མོང་སྒར་འདེམས་ཁོངས་ཀྱི་དོན་ལུ་ ས་གནས་མོང་སྒར་ཁྲོམ་ དེ་ལས་ དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས་ཀྱི་དོན་ལུ་ ཁ་ཙ་ ཡ་ལྡི་ལུ་སྦེ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment