གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨེ་ཏོག་མེ་ཏོག་༤༦ ཉམས་སྲུང་འབད་ནི།

༡༣/༥/༢༠༡༣   ༉ བླམ་དཔལ་རི་ རྒྱལ་གཞུང་སྐྱེད་ཚལ་གླིང་ཁ་ནང་ ཨེ་ཏོག་མེ་ཏོག་དུས་སྟོན་འགོ་འདྲེན་འཐབ་མི་དང་འབྲེལ་ རྒེད་འོག་༤ གི་ གཡུས་སྒོའི་མི་སེར་ཚུ་གིས་ སྔར་སྲོལ་གྱི་བཟའ་འཐུང་གི་རིགས་དང་ ལམ་སྲོལ་གཞན་ཚུ་ འགྲེམས་སྟོན་འབད་མི་ལུ་བརྟེན་ ལྷན་ཐབས་བྱུང་ཡོདཔ་ཨིན་པས།

བླམ་དཔལ་རི་ འགྲེམས་སྟོན་ལས་རིམ་ནང་ གཡུས་མི་ཚུ་གིས་ བཅའ་མར་གཏོགས་ཐོག་ལས་ དཔེ་སྟོན་འབད་བའི་བསྒང་།

དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༡ ལས་འགོ་བཙུགས་ཉིན་གྲངས་༣ གྱི་རིང་ ཨེ་ཏོག་མེ་ཏོག་དུས་སྟོན་བརྩི་སྲུང་འབད་མིའི་ནང་ ཐིམ་ཕུ་ལས་རྒེད་འོག་༣ དང་ སྤུ་ན་ཁ་ལས་ རྒེད་འོག་༡ གི་ མི་སེར་ཚུ་གིས་ སྔར་སྲོལ་ལམ་ལུགས་ གསལ་སྟོན་འབད་མི་དང་ རང་བཞིན་གནས་སྟངས་ ག་ཅི་སྦེ་བདག་འཛིན་འཐབ་དགོཔ་ཨིན་ནའི་ ཤེས་ཡོན་ཐོབ་ཡོདཔ་ཨིན་པས།
རང་བཞིན་གནས་སྟངས་སྤྲོ་སྟོན་དང་སྐྱེད་ཚལ་གྱི་མཁས་མཆོག་ རོལ་གླིང་ངག་དབང་འབྲུག་སྒྲ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་གཞུང་སྐྱེད་ཚལ་གླིང་ཀ་ ཡངན་ རྒྱལ་གཞུང་ངལ་གསོ་གླིང་ཁ་ལུ་ ཡོད་པའི་སྐྱེ་ཤིང་མེ་ཏོག་སྣ་ཚོགས་དང་ སེམས་ཅན་སྣ་ཚོགས་ དེ་ལས་ ཤིང་སྣ་ཚོགས་ཡོད་མི་དེ་ དུས་རྒྱུན་དུ་ གཞུང་གིས་ ལྟ་རྟོག་འབད་ནི་དང་ བདག་འཛིན་འཐབ་མི་དེ་ ད་ལས་ཕར་ དེ་གི་འགན་ཁུར་དེ་ མི་སེར་ཡོངས་ལུ་ཕོགཔ་ཨིནམ་སྦེ་ གོ་བརྡ་སྤྲོད་ཐབས་ལུ་ ཨིན་ཟེར་ཨིན་པས།
ནགས་ཚལ་ནང་གི་ སེམས་ཅན་དང་ ཤིང་རིགས་ དེ་ལས་ སྨན་རིགས་ཚུ་ རྒྱལ་ཁབ་གོང་འཕེལ་དང་ མི་སྡེ་དཔལ་འབྱོར་ཡར་དྲག་ འགྱོ་མི་ལུ་བརྟེན་ ཉིནམ་གཅིག་བ་ཉིནམ་གཅིག་ མར་ཕབ་འགྱོ་དོ་ཡོདཔ་ལས་ དེ་ཚུ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་དོན་ལུ་ འགོ་དང་པ་ རྒེད་འོག་༤ གི་ མི་སེར་ལུ་ གོ་བརྡ་སྤེལཝ་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཨེ་ཏོག་མེ་ཏོག་རིགས་༤༦ ཐོ་བཀོད་འབད་མི་ལས་ ལམ་དཔལ་རི་གླིང་ཀ་ནང་ ད་ཚུན་ ཨེ་ཏོག་མེ་ཏོག་གི་རིགས་༢༩ ཐོབ་མི་དེ་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ ད་ལས་ཕར་ རྒྱལ་ཁབ་ནང་ ཨེ་ཏོག་མེ་ཏོག་༤༦ ཆ་མཉམ་ འཛུགས་སྐྱོང་འབད་དེ་ བདག་འཛིན་འཐབ་ནི་ལུ་དམིགས་ཏེ་ དུས་སྟོན་རྩིས་སྲུང་འབད་ཡི་ཟེར་ སླབ་ཨིན་པས།
ལྟདམོ་ལྟ་མི་ མི་སེར་བརྒྱ་ལས་བཅད་མི་དང་ ཕྱིའི་ལྟ་བཤལཔ་ལེ་ཤ་ཅིག་གིས་ དུས་སྟོན་ནང་ འབྲེལ་གཏོགས་འབད་ཡོདཔ་བཞིན་དུ་ རྒེད་འོག་༤ ནང་ རྐྱབ་སྲོལ་ཡོད་མི་ དང་ཕུ་གི་ ཞབས་བྲོ་ བོད་སྒྲ་དང་ གཞུང་སྒྲ་ གར་འཆམ་ དེ་ལས་ སློབ་ཕྲུག་བུཚ་དང་བུམོ་ཚུ་གིས་  མི་མང་ལུ་ རང་བཞིན་གནས་སྟངས་དེ་ ཡུན་བརྟན་དུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་དགོ་པའི་སྐོར་ལས་ ཐུགས་སྤྲོའི་གླུ་གཞས་དང་ སྲུང་ དེ་ལས་ འཁྲབ་སྟོན་ཚུ་ སྟོན་ཡོདཔ་ཨིན།
གར་འཆམ་གྱི་གྲས་ལས་ སྤྲོ་བ་ཅན་དང་ རྒྱལ་ཁབ་ཀྱི་གར་འཆམ་གཞན་དང་ མ་འདྲཝ་ཅིག་ཨིན་མི་ སྟག་དང་ དོམ་གྱི་སྐུ་འཆམ་ཚུ་ མི་མང་ལུ་ སྟོན་ཡོདཔ་ད་ དེ་ཡང་ རྣལ་འབྱོར་པའི་བླམ་ཅིག་ ཚལ་མ་དེ་ནང་ སྐུ་མཚམས་བཞུགས་པའི་སྐབས་ སྟག་དང་དོམ་༢ མ་འཆམ་པར་ འཐབ་འཛིང་འབད་རུང་ བླམ་གིས་ ཐུགས་སྨོན་ལས་ ཆ་རོགས་ལུ་ གྱུར་ཡོད་པའི་སྐོར་ལས་ཨིན་པས།
ན་གཞོན་སློབ་ཕྲུག་ཚུ་གིས་ བཀྲིས་པའི་མཆོད་པ་ཟེར་མི་ འཆམ་ཚུ་རྐྱབ་ཡོདཔ་ད་ བཀྲིས་མཆོད་པའི་འཆམ་རྐྱབ་དགོ་མི་དེ་ ལཱ་ག་ཅི་འབད་དེ་འབད་རུང་ འཆམ་རྐྱབ་སྟེ་ འགོ་བཙུགས་པ་ཅིན་ ལཱ་མཇུག་མ་བསྡུ་ཚུན་ རྐྱེན་ངན་བར་ཆད་མེད་པར་ བྱ་བ་ལམ་འགྲོ་ ལེགས་ཤོམ་འོང་ཐབས་ལུ་ བྱིན་གྱིས་རླབས་ལས་བརྟེན་ཨིན་ཟེར་ཨིན་པས།
ཐིམ་ཕུ་རྫོང་ཁག་ལས་ ལྕང་རྒེད་འོག་དང་ དར་དཀར་ལ་ ཀ་ཝང་ དེ་ལས་ སྤུ་ན་ཁ་ལས་ སྟོདཔ་རྒེད་འོག་གི་ མི་སེར་ཚུ་གིས་ དང་ཕུ་ལས་ད་ཚུན་གྱི་བར་ན་ གནས་ཡོད་མི་ ཆང་རིགས་བཟོ་ཐངས་དང་ རྩེདམོ་གི་རིགས་ དེ་ལས་ བཟའ་འཐུང་ཚུ་ འགྲེམས་སྟོན་འབད་ཐོག་ལས་ ཚོང་འབྲེལ་འཐབ་ཡོདཔ་ཨིན་པས།
ཁ་ཙ་ སྔོན་དང་ཕུ་ སྤུ་ན་ཁ་དང་ དབང་འདུས་ལས་ རྐང་འགྲུལ་འབདདེ་ རྡོ་སྐྱོང་ལ་ལུ་འགྱོ་སའི་འཛོམས་ལམ་ཁར་ མི་སེར་ཚུ་ གིས་ འགྲོ་འགྲུལ་འབད་ཡོདཔ་མ་ཚད་ ལམ་བདའ་སྐྱེ་ཤིང་མེ་ཏོག་དང་ བྱའི་རིགས་ སེམས་ཅན་ དེ་ལས་ སའི་དབྱིབས་དང་ ཆགས་ཚུལ་ཚུ་ ཤེས་རྟོགས་འབད་ཡོདཔ་ཨིན་པས།
ད་རིས་ སྟག་དང་ནོར་ཟེར་བའི་རྩེདམོ་དང་ ཨེ་ཏོག་མེ་ཏོག་རྩེདམོ་ཚུ་ རྩེ་ཐོག་ལས་ ལས་རིམ་མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment