གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཁས་མཆོག་དང་མཁས་པ་གཉིས་ཀྱི་ ཁྱད་པར་ཤེས་དགོཔ་གལ་མི་ཆེ་ག?

༡༣/༥/༢༠༡༣   ༉ ད་རེས་ནངས་པ་ དུས་ཀྱི་འཕོ་འགྱུར་དང་བསྟུན་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ ཤེས་ཡོན་གྱི་ ཁྱབ་ཚད་དེ་ཡང་ ཧེ་མ་དང་ཕྱདཔ་ད་ ཡར་རྒྱས་འགྱོ་བའི་བསྒང་ཡོད་ཟེར་ཞུ་ནི།
རྒྱུ་མཚན་དེ་ལུ་བརྟེན་ རིག་པའི་གནས་ཡོངས་རྫོགས་ལུ་ མཁས་མི་དང་ རེ་གཉིས་ལུ་མཁས་མི་ཡང་ གྱངས་ཁ་གིས་ མ་ཆོད་པར་ གནམ་ཁའི་སྐར་ཚོགས་བཟུམ་སྦེ་ འཐོན་ནི་འདུག་ཟེར་ཞུ་ནི།



དེ་བཞིན་དུ་ འབྲུག་རྒྱང་བསྒྲགས་དང་ རྒྱལ་ཡོངས་གསར་ཤོག་ ཀུན་གསལ་ལ་སོགས་པའི་ བརྡ་བརྒྱུད་ཚུ་ནང་ མཁས་མཆོག་ཟེར་བའི་ མིང་ཚིག་ལག་ལེན་འཐབ་ནི་དེ་ ལྷག་པར་དུ་ དར་ཁྱབ་སྦོམ་སྦེ་ར་ ཡར་སོ་ནུག་ཟེར་ཞུ་ནི།
ཨིན་རུང་ ལམ་ལུགས་ཧ་གོ་མི་དང་ ཕྱི་ནང་གཉིས་ཀྱི་ ཤེས་ཡོན་ཅན་ཚུ་གིས་ མཁས་མཆོག་ཟེར་བའི་ མིང་ཚིག་ལག་ལེན་འཐབ་མི་ལུ་ལྟ་སྟེ་ གསར་ཤོག་ལྷག་ནི་དང་ རྒྱང་མཐོང་བལྟ་ནི་ལུ་ཡང་ ཞེ་བསུན་ཁག་ཁ་ བཟོཝ་མས་ཟེར་ཞུ་ནི།
མ་གཞི་ མཁས་པ་དང་ མཁས་མཆོག་ཟེར་བའི་ མིང་ཚིག་དེ་ ནང་པའི་རིག་གཞུང་ཚུ་ནང་ལས་ ཁ་གསལ་སྦེ་ འཐོན་ནི་ཡོདཔ་ད་ དེ་ཡང་ རིག་པའི་གནས་བཅུ་ལུ་ མཁས་པ་ཅིན་ མཁས་མཆོག་དང་ མཁས་དབང་ཟེར་བའི་ གོ་བ་ལེནམ་མས་ཟེར་ཞུ་ནི།
དེ་མེན་པའི་ རིག་པའི་གནས་གང་རུང་ རེ་གཉིས་ལུ་ མཁས་པ་ཅིན་ མཁས་པ་ཟེར་ སླབ་སྲོལ་ཡོདཔ་མ་གཏོགས་ མཁས་མཆོག་ཟེར་ སླབ་ནི་གི་ འོས་འབབ་མེད་ཟེར་ཞུ་ནི།
ཨིན་རུང་ ད་རེས་ནངས་པ་ བརྡ་བརྒྱུད་ཚུ་ནང་ལས་ཕར་ མིག་ནད་ཀྱི་མཁས་མཆོག་དང་ སོ་ནད་ཀྱི་མཁས་མཆོག་ རུས་ཚིགས་ཀྱི་མཁས་མཆོག་ དེ་ལས་ མོ་ནད་མཁས་མཆོག་ཟེར་ མཁས་མཆོག་ལེ་ཤ་ཅིག་ར་ སླབ་ནི་འདུག་ཟེར་ཞུ་ནི།
དེ་ཚུ་ ལམ་ལུགས་དང་འཁྲིལ་བ་ཅིན་ མཁས་པ་ཟེར་ སླབ་དགོཔ་མ་གཏོགས་ མཁས་མཆོག་ཟེར་ སླབ་ནི་གི་ འོས་འབབ་དང་ ཐོབ་ཐངས་རྩ་ལས་ར་མེད་ཟེར་ཞུ་ནི།
གལ་སྲིད་ རིག་པའི་སྣ་ཁག་རེ་ ཤེས་མི་ཚུ་ལུ་ མཁས་མཆོག་ཟེར་ སླབ་པ་ཅིན་ མཁས་པ་དང་ མཁས་མཆོག་ཟེར་བའི་ མིང་ཚིག་གི་ནུས་པ་ལུ་ ཁྱད་པར་མེདཔ་བཟུམ་སྦེ་ འགྱོཝ་མས་ཟེར་ཞུ་ནི།
དཔེ་འབད་བ་ཅིན་ ལེགས་སྦྱར་གྱི་ཁ་ལས་ མཁས་པ་ལུ་ པཎྜི་ཏ་དང་ མཁས་མཆོག་ལུ་ མ་ཧཱ་པཎྜི་ཏ་ཟེར་ སླབ་སྲོལ་ཡོདཔ་ལས་ དེ་གཉིས་ཀྱི་བར་ན་ ཤེས་ཚད་ཀྱི་ཁྱད་པར་ སྦོམ་ཡོདཔ་མ་ཚད་ མིང་གནས་ལུ་ཡང་ ཁྱད་པར་སྦོམ་ཡོད་ཟེར་ཞུ་ནི།

དེ་འབདཝ་ལས་ འབྲུག་མི་མཁྱེན་ལྡན་ག་ར་འབད་རུང་ མིང་ཚིག་ཆུང་ཀུ་ཅིག་ཨིན་ཟེར་ སྣང་མེད་ཐོག་ལུ་ མ་བཞག་པར་ དབྱེ་ཞིབ་ལེགས་ཤོམ་སྦེ་གནང་སྟེ་ ཐོབ་ཐངས་དང་འཁྲིལ་ ལག་ལེན་འཐབ་གནང་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ ཞུ་ནི་ཨིན། 

ཀུར་སྟོདཔ་ ཨྱོན་བསྟན་འཛིན།
ཀུན་དགའ་རབ་བརྟན་ཨ་ནེམོ་གྲྭ་ཚང་།

No comments:

Post a Comment