གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༨/༥/༢༠༡༣   ༉ རེས་གཟའ་མིག་དམར་གྱི་ཕྱི་རུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བྷུ་ཊཱན་ཀུན་མཉམ་པར་ཊི་ལུ་ མགར་ས་རྫོང་ཁག་ལས་ འདེམས་ངོ་༢ མ་ཚང་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་ནི་ལས་ ཆ་མེད་བཏང་པའི་སྐོར་ རྒྱང་མཐོང་དང་ མི་སྡེའི་བརྡ་བརྒྱུད་ནང་ལས་ཕར་ གནས་ཚུལ་ཁྱབ་སྤེལ་འབདཝ་ད་ ཚོགས་པའི་འཐུས་མི་ཚུ་ལོས་ཀྱང་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ཡང་ སེམས་ཕམ་བྱུང་མི་གིས་མ་ཚད་ སྡི་ཆེ་བའི་ གཞི་གནད་ཅིག་ལུ་གྱུར་ནུག།


སྲིད་ཚོགས་དེ་ འགོ་ཐོག་བཙག་འཐུའི་ དོ་འགྲན་གྱི་དོན་ལུ་ མཐར་འཁྱོལ་མ་བྱུང་མི་དེ་ཡང་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་མི་ལུ་ ནན་ཞིབ་འབདཝ་ད་ མགར་སའི་འདེམས་ཁོངས་༢ ཀྱི་ འདེམས་ངོ་༢ མ་ཚང་ནི་དེ་གིས་ཨིནམ་ད་ བརྡ་བརྒྱུད་ཀྱིས་ཡང་ རྒྱལ་ཁབ་ནང་ སྲིད་དོན་ཚོགས་པ་༥ ཐོན་ཡོདཔ་ལས་ མགར་ས་རྫོང་ཁག་ལས་ འདེམས་ངོ་ཐོབ་པར་ ལཱ་ཁག་འོང་ནི་ཨིན་པའི་སྐོར་ ཟླཝ་ལེ་ཤ་ཅིག་གི་ཧེ་མར་ གནས་ཚུལ་གསལ་བཀོད་འབད་དེ་ཡོད།
འདི་བཟུམ་མའི་ འདེམས་ངོ་མེད་པའི་ དོ་འགྲན་སྦོམ་ཡོད་མི་དང་ རྫོང་ཁག་དེ་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མེད་མི་ལུ་ལྟཝ་ད་ སྤྱིར་བཏང་ཚོགས་རྒྱན་སྐྱུར་མི་ཚུ་གིས་ འགོ་ཐོག་བཙག་འཐུའི་དོན་ལུ་ སྲིད་ཚོགས་༥ པོ་ཆ་ར་ དོ་འགྲན་འབད་ནི་གི་ གོ་སྐབས་གནང་དགོཔ་འདུག་ཟེར་ བསམ་འཆར་བཀོད་མི་གིས་ མ་ཚད་པར་ འདི་འགོ་ཐོག་བཙག་འཐུའི་ནང་ མཐར་འཁྱོལ་བྱུང་མི་ སྲིད་དོན་ཚོགས་པ་༤ གིས་ཡང་ མི་སེར་གྱི་ བསམ་འཆར་ལུ་ རྒྱབ་སྐྱོར་འབདཝ་མས།
དེ་འབདཝ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ སྲིད་ཚོགས་དེ་ འགོ་ཐོག་བཙག་འཐུའི་ནང་ དོ་འགྲན་འབད་ཆོགཔ་བཟོ་མི་དེ་ཡང་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ བསྟར་སྤྱོད་འབད་ཡོདཔ་ལས་ སྲིད་དོན་ཚོགས་པ་༤ རྐྱངམ་གཅིག་གིས་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་ཆོགཔ་ལས་ རེས་གཟའ་མིག་དམར་ལུ་ ཁྱབ་བསྒྲགས་འབད་མི་ལུ་ བསྒྱུར་བཅོས་མེད་ཟེར་ཨིན་མས།
བྷུ་ཊཱན་ཀུན་མཉམ་པར་ཊི་དེ་ ན་ཧིང་ སྤྱི་ཟླ་༦ པའི་ནང་ སྲིད་དོན་ཚོགས་པ་གསརཔ་ཅིག་སྦེ་ ཐོན་ཡོདཔ་མ་ཚད་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་ཀྱི་དོན་ལུ་ ཞུ་ཡིག་བཙུགས་མི་ཡང་ སྲིད་ཚོགས་གསརཔ་ཨིན་པའི་ཁར་ དེ་ནང་ ཞི་གཡོག་ཨམ་སྲུ་ཅིག་ དགོངས་ཞུ་འབད་དེ་ འཛུལ་ཞུགས་འབད་མི་དང་པ་ཨིན་མས།
ཚོགས་པ་དེ་གིས་ ད་ཚུན་གྱི་བར་ན་ དམངས་གཙོའི་རིང་ལུགས་ཀྱི་ བྱ་རིམ་ནང་ འབྲེལ་གཏོགས་འབད་ནིའི་དོན་ལུ་ བརྩོན་ཤུགས་གང་དྲག་བསྐྱེད་ཡོདཔ་མ་ཚད་ མི་མང་ལུ་ གདམ་འཐུ་མངམ་འབད་ནི་གི་ གོ་སྐབས་བྱིན་ཐབས་ལུ་ སྲིད་ཚོགས་སྒྲིང་སྒྲིང་བཟོ་ནི་གི་ རྩ་འགེངས་པའི་མཐའ་མར་ འགོ་ཐོག་བཙག་འཐུ་ནང་ བཅའ་མར་གཏོགས་མ་ཚུགས་རུང་ འབྲུག་གི་བཙག་འཐུ་དང་ དམངས་གཙོའི་བྱ་རིམ་དེ་ ནེམ་ཅིག་སྦེ་ མཇུག་བསྡུཝ་མིན་པར་ ད་ལྟོ་ འགོ་བཙུགསཔ་ཅིག་ར་ཨིནམ་ལས་ ཚོགས་པའི་ཁ་ཐུག་ལས་འབད་རུང་ ད་རིས་ ཚགས་ཁར་མ་ཚུད་མི་དེ་ ཉམས་མྱོང་དང་ ཡོན་ཏན་ཨིནམ་སྦེ་ ངོས་ལེན་འབད་དགོ།
ཚོགས་པ་འདི་ ཐོ་བཀོད་ཅན་གྱི་ སྲིད་ཚོགས་ཨིནམ་ལས་ སེམས་ཞུམ་ནི་མིན་པར་ ད་ལས་ཕར་ སྒྲིང་སྒྲིང་བཟོ་ནི་དང་ སྤྱི་ལོ་༢༠༡༨ ལུ་ སྤྱི་ཚོགས་གསུམ་པའི་ བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་ནི་དེ་གལ་ཆེ།
འདི་དང་གཅིག་ཁར་ བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་ཚོགས་དེ་གི་ དོ་འགྲན་ཁས་ལེན་ཡི་གུ་ ཆ་མེད་བཏང་མི་དེ་གིས་ཡང་ མ་འོངས་པའི་ སྲིད་དོན་ཚོགས་པ་ཚུ་ལུ་ འདེམས་ངོ་༤༧ མ་ཚང་པ་ཅིན་ འདི་བཟུམ་མའི་ གདོང་ལེན་འབད་ནི་གི་ གྲ་སྒྲིག་འབད་དགོ་པའི་ དྲན་གསལ་ཅིག་ཡང་ཨིན་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment