གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲྭ་ཤག་ཚུ་ནང་ ཨ་ནེམོ་ཚུ་ མ་ཤོང་པའི་དཀའ་ངལ།

༩/༥/༢༠༡༣   ༉ སྤ་རོ་ཅེ་ལེ་ལའི་ ཉེ་འདབས་ལུ་ཡོད་པའི་ སྐྱིད་ལ་དགོན་པ་ལུ་ ཨ་ནེམོ་ཚུ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ སྡོད་དོ་ཡོད་པའི་ ཉམས་ཤརཝ་ཨིན་རུང་ དགོན་པའི་གྲྭ་ཤག་ཚུ་ནང་ ཨ་ནེམོ་ཚུ་མ་ཤོང་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
མེ་གིས་འཚིགས་མི་ གྲྭ་ཤག་ཚུ་གི་ཤུལ།


དེ་ཡང་ ཧེ་མ་འབད་བ་ཅིན་ དགོན་པ་དེ་ནང་ གྲྭ་ཤག་ཚུ་ ལངམ་སྦེ་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༡ ཟླ་༩ པའི་ཚེས་༡༨ ཀྱི་ནུབ་མོ་ མེ་རྐྱེན་བྱུང་མི་ལུ་བརྟེན་ དགོན་པའི་ལྷ་ཁང་གི་ འོག་ལུ་ཡོད་པའི་ ཨ་ནེམོ་༡༠ བཞུགས་སའི་ གྲྭ་ཤག་ཚུ་ ཧིང་སངས་ས་སྦེ་ར་ འཚིགས་མི་ལུ་བརྟེན་ཏེ་ཨིན་པས།
ད་རེས་ཀྱི་ མཐོང་སྣང་ལུ་ ཧེ་མ་ མེ་གིས་འཚིགས་མི་ གྲྭ་ཤག་གི་ས་ཁོངས་དེ་ནང་ རྡོ་དག་པ་ཅིག་དང་ ཆབ་གསང་ཅིག་ལས་མེདཔ་ད་ ས་ཁོངས་དེ་ སྟོངམ་སྦེ་ར་ ལུས་ཡོདཔ་ཨིན་པས།
རྐྱེན་ངན་དེ་ལུ་བརྟེན་ ཨ་ནེམོ་ཚུ་ ཁང་མིག་ཆུང་ཀུ་འབད་མི་ཚུ་ནང་ ཨེབ་ཐག་རྐྱབ་སྟེ་ སྡོད་དོ་ཡོདཔ་ལས་ དེ་དང་བསྟུན་པའི་ དཀའ་ངལ་ཚུ་ཡང་ བྱུང་དོ་ཡོདཔ་ཨིན་པས།
འཛིན་གྲྭ་༣ པའི་ནང་ དཔེ་ཆ་ལྷབ་མི་ ཨ་ནེམོ་ངག་དབང་གསལ་སྒྲོན་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ ཧེ་མ་ མོ་ར་ མེ་གིས་འཚིགས་མི་ གྲྭ་ཤག་དེ་ནང་ སྡོད་ཡོདཔ་བཞིན་དུ་ ད་རེས་ ཆ་རོགས་ཅིག་དང་གཅིག་ཁར་ ཨེབ་སྟེ་སྡོད་དགོཔ་ལས་ ཧེ་མ་བཟུམ་མའི་ གོ་ཡངས་ཏོག་ཏོ་འབད་བའི་ ཁང་མིག་ཅིག་ནང་ ན་འཐན་ར་ སྤོ་དགོ་མནོ་ཡི་ཟེར་ཨིན་པས།
དེ་ཡང་ ཁང་མིག་ཆུང་ཀུ་ཅིག་ནང་ ཉུང་ཤོས་མི་༢ རེ་ སྡོད་དགོཔ་ཐོན་མི་ལུ་བརྟེན་ དཔེ་ཆ་བལྟ་ནི་ལུ་ དཀའ་ངལ་བྱུངམ་མས་ཟེར་ཨིནམ་ད་ ཁང་མིག་ལ་ལུ་ཅིག་ནང་ གདན་ཚུ་ཡང་ མི་ཤོང་པས་ཟེར་ ཨ་ནེམོ་ཅིག་གིས་སླབ་ཅི།
མོ་གིས་འབད་བ་ཅིན་ ད་རེས་ མོ་དང་ མོ་རའི་ཆ་རོགས་ཅིག་སྡོད་སའི་ ཁང་མིག་དེ་ནང་ ཁོང་ར་ལུ་དགོ་པའི་ ཅ་ཆས་དུམ་གྲ་རེ་ བཙུགས་པའི་བསྒང་ལས་ རྐངམ་བཀལ་སའི་ ས་ཁོངས་ཡང་མེདཔ་ད་ མ་གཞི་ ཧེ་མ་ མེ་གིས་འཚིགས་མི་ གྲྭ་ཤག་དེ་ ལོག་བཟོ་སྐྲུན་འབད་ནིའི་ ལོ་རྒྱུས་སླབ་དོ་ཡོདཔ་ཨིན་རུང་ ནམ་རྐྱབ་ཚུགས་འོང་ག་ མི་ཤེས་པས་ཟེར་ཨིན་པས།
ཨ་ནེམོ་ངག་དབང་གསལ་སྒྲོན་གྱི་ ཅ་ལ་ཚུ་ ཆ་མཉམ་ར་ མེ་རྐྱེན་བྱུང་བའི་སྐབས་ འཚིགས་ཡོདཔ་ཨིན་པས།
ཨ་ནེམོ་ཅིག་གིས་འབད་བ་ཅིན་ དགོན་པ་དེ་ ས་ཁ་མཐོ་ས་འབདཝ་ལས་ དམིགས་བསལ་དུ་ གནམ་དགུན་གྱི་སྐབས་ མལ་ཆ་མང་སུ་སྦེ་ བཀབ་དགོ་དོ་ཡོདཔ་ཨིན་རུང་ བཞག་ས་མེད་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
སྐྱེས་ལོ་༢༥ ལང་མི་ ཨ་ནེམོ་ཡེ་ཤེས་སྒྲོལ་མ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མ་གཞི་ ཁྱིམ་ཆུང་མི་ལུ་བརྟེན་ ཞག་ཉལ་ནིའི་ནང་ དཀའ་ངལ་སྦོམ་ མི་ཐོན་དོ་ཡོདཔ་ཨིན་རུང་ དཔེ་ཆ་ལྷབ་ནིའི་ནང་ བྱ་སྟབས་མ་བདེཝ་སྦོམ་སྦེ་ར་ བྱུང་དོ་ཡོད་པའི་གུ་ ད་རེས་ཁམས་ ཨ་ནེམོ་གསརཔ་དག་པ་ཅིག་ འཛུལ་ཞུགས་འབད་ཡོདཔ་ལས་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
ཧེ་མ་ དགོན་པའི་ནང་ གློག་མེ་མེད་པའི་སྐབས་ ལྕགས་ཐབ་བུ་ཁ་རི་ཚུ་ ལག་ལེན་འཐབ་དགོཔ་ལས་ ས་གོ་མ་ལང་པའི་དཀའ་ངལ་ སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་རུང་ ད་རེས་ གློག་མེ་ལུ་བརྟེན་ དྲོད་བཏགས་གློག་ཆས་ཚུ་ ལག་ལེན་འཐབ་ཚུགས་ནི་དེ་གིས་ དྲག་པས་ཟེར་ཨིན་པས།
ཨ་ནེམོ་གཞན་ཅིག་གིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ ཧེ་མ་ལས་ཡོད་པའི་ ཨ་ནེམོ་ཚུ་གི་དོན་ལུ་ སྡོད་ས་མ་ལང་པའི་ དཀའ་ངལ་མེདཔ་ཨིན་རུང་ གསརཔ་འཛུལ་ཞུགས་འབད་མི་ ཐོན་པའི་སྐབས་ ཁོང་ཆ་ཁྱབ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
སྐྱིད་ལ་དགོན་པ་ ཨ་ནེམོ་འབྲིང་རིམ་བཤད་གྲྭའི་དབུ་འཛིན་ ཡོན་ཏན་རྒྱལ་མཚན་གྱིས་ སླབ་མིའི་ནང་ མ་གཞི་ གྲྭ་ཤག་དེ་ འཕྲལ་མགྱོགས་ར་ ལོག་རྐྱབ་ནིའི་ འཆར་གཞི་ཡོདཔ་ཨིན་རུང་ བཤད་གྲྭའི་ནང་ མ་དངུལ་ལངམ་མེད་མི་ལུ་བརྟེན་ ཐོགས་ལུས་ཏེ་ ཡོད་ཟེར་ཨིན་པས།
མེ་རྐྱེན་བྱུང་བའི་སྐབས་ ཨ་ནེམོ་༧ སྡོད་སའི་ ཁང་ཚན་༧ འབད་མི་ གྲྭ་ཤག་དེ་ ཧིང་སངས་ས་སྦེ་ར་ འཚིགས་ཡོདཔ་ད་ མེ་རྐྱེན་དེ་ཡང་ དཀར་མེ་ལུ་བརྟེན་ བྱུང་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment