གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་བརྒྱུད་འཕྲིན་གྱིས་ ཚོང་མགྲོན་པ་༥༠ ལུ་ བསྐྱར་གསོ་བའུ་ཅར་དང་ དྲན་རྟེན་གསོལ་རས་བྱིན་ཡོདཔ།

༩/༥/༢༠༡༣  ༉ འབྲུག་བརྒྱུད་འཕྲིན་གྱིས་ སྤྱི་ཟླ་༥ པའི་ཚེས་༧ ལུ་ ཐིམ་ཕུ་ ཕུན་སུམ་དཔལ་རིའི་བཟའ་ཁང་ནང་ ཚོང་མགྲོན་པའི་ ཞལ་འཛོམས་ཐེངས་༢ པ་འཚོགས་པའི་སྐབས་ ཚོང་མགྲོན་པ་༥༠ ལུ་ རིན་གོང་དངུལ་ཀྲམ་༡༥༠༠ གནས་པའི་ འགྲུལ་འཕྲིན་གྱི་ བསྐྱར་གསོ་བའུ་ཅར་དང་ དྲན་རྟེན་གསོལ་རས་ཚུ་ བྱིན་ཡོདཔ་ཨིན།
ཨོ་རྒྱན་ཚེ་ཁྱབ་རྡོ་རྗེ་གིས་ བསྐྱར་གསོའི་བའུ་ཅར་དང་ དྲན་རྟེན་གསོལ་རས་བྱིན་པའི་བསྒང་།


གསོལ་རས་ཚུ་ཡང་ ཁྱིམ་ནང་གི་ བརྒྱུད་འཕྲིན་ལག་ལེན་འཐབ་མི་༥ བི་མོ་བཱ་ཡེལ་གྱི་ སྔོན་སྤྲོད་ཚོང་མགྲོན་པ་༡༠ བསྐྱར་གསོ་བའུ་ཅར་ ལག་ལེན་འཐབ་མི་༡༠ འགོ་ཐོག་ བི་ཝ་ལེཊ་ལག་ལེན་འཐབ་མི་༡༠ སྔོན་སྤྲོད་བོ་རོཊ་བེནཌི་ ལག་ལེན་པ་༥ དེ་ལས་ ཤུལ་སྤྲོད་ བོ་རོཊ་བེནཌི་ལག་ལེན་པ་༥ ལུ་ གསོལ་རས་ཚུ་ བྱིན་ཡི།
ན་ཧིང་ལས་ ཚོང་མགྲོན་གྱི་ ཞལ་འཛོམས་འགོ་དང་པ་ འགོ་བཙུགས་དགོ་མི་དེ་ཡང་ ཚོང་མགྲོན་པ་ཚུ་གིས་ འབྲུག་བརྒྱུད་འཕྲིན་གྱི་ ཞབས་ཏོག་སྐོར་ལས་ སླབ་ནི་ཡོད་མི་ཚུ་ གྲོས་བསྟུན་འབད་ཐབས་ལུ་ ཨིན་ཟེར་ཨིན་པས།
བི་མོ་བཱ་ཡེལ་གྱི་ ཚོང་མགྲོན་པ་ཅིག་ཨིན་མི་ དྲགོས་ཨྱོན་ཚེ་ཁྱབ་རྡོ་རྗེ་གིས་ བཤད་མི་དང་འཁྲིལཝ་ད་ འབྲུག་བརྒྱུད་འཕྲིན་གྱི་ རྒྱུན་ལམ་དེ་ ཐིམ་ཕུ་དང་ ཕུན་ཚོགས་གླིང་ མགྱོགས་ལམ་ཁར་ ལེགས་ཤོམ་མེདཔ་མ་ཚད་ གློག་རིག་ཨིན་ཊར་ནེཊ་གི་ རྒྱུན་ལམ་ཚུ་ཡང་ མགྱོགས་དྲག་མེད་པའི་སྐོར་ལས་བཤད་ཡོདཔ་ཨིན།
བི་མོ་བཱ་ཡེལ་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ པུཤ་པ་མཱ་ནི་པར་དཱན་གྱིས་ སླབ་མིའི་ནང་ མ་གཞི་ ས་གནས་ལ་ལུ་ཅིག་ནང་ འབྲུག་བརྒྱུད་འཕྲིན་གྱིས་ རྒྱུན་ལམ་ལེགས་ཤོམ་མེད་མི་དེ་བདེན་ཟེར་ཨིན་རུང་ འབྲུག་བརྒྱུད་འཕྲིན་གྱི་ ཁ་ཐུག་ལས་ རྒྱུན་ལམ་ ག་དེ་དྲག་དྲག་ ལེགས་ཤོམ་བཟོ་ཐབས་ལུ་ ལཱ་ཚུ་འགོ་བཙུགས་ཡོདཔ་ལས་ སང་ཕོད་ལས་ ལེགས་ཤོམ་སྦེ་ འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ འབྲུག་རྒྱལ་ཁབ་ནང་ རི་དང་ གངས་རི་ཅན་གྱིས་ ཁྱབ་ཡོད་པའི་རྒྱལ་ཁབ་ཅིག་འབད་ནི་དེ་གིས་ རྒྱུན་ལམ་ བརྒྱ་ཆ་ལས་ བརྒྱ་ཆ་འབད་ར་ ལེགས་ཤོམ་འགྱོ་ཚུགས་འོང་ཟེར་ ང་བཅས་ཀྱིས་ སླབ་མ་ཚུགས་རུང་ ཁོང་གི་ཁ་ཐུག་ལས་ ག་དེ་དྲག་དྲག་ རྒྱ་བསྐྱེད་བཏང་ནི་ལུ་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།
ཚོང་མགྲོན་པ་ སངས་རྒྱས་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་ བདག་འཛིན་འཐབ་ནི་དེ་ མི་སེར་ཡོངས་ཀྱི་ འགན་ཁུར་ཨིནམ་ལས་ འབྲུག་བརྒྱུད་འཕྲིན་གྱི་ བསྐྱར་གསོ་བའུ་ཅར་དེ་ཡང་ མར་ཕབ་འབད་དེ་ གློག་རིག་ཐོག་ལས་ བསྐྱར་གསོ་འབད་ནི་དེ་ ཁག་ཆེ་ཟེར་ཨིན་པས།
འབྲུག་བརྒྱུད་འཕྲིན་གྱི་ བརྡ་དོན་འཕྲུལ་རིག་ཡོངས་ཁྱབ་འཛིན་སྐྱོང་པ་ ཚེ་རིང་ནོར་བུ་གིས་ འབད་བ་ཅིན་ བི་མོ་བཱ་ཡེལ་གྱི་ བསྐྱར་གསོ་བའུ་ཅར་གྱིས་ རང་བཞིན་གནས་སྟངས་ལུ་ གནོད་པ་མི་འོང་ནི་གི་དོན་ལུ་ ཞབས་ཏོག་གསརཔ་ བི་ཝ་ལེཊ་ཟེར་མི་དང་ ཨི་ལོཌ༌ཟེར་མི་ཞབས་ཏོག་༢ ཡོད་ཟེར་ཨིན་པས།
དེ་འབདཝ་ད་ གཡུས་ཁ་ལུ་སྡོད་མི་ཚུ་གིས་ འགྲུལ་འཕྲིན་གྱི་ བསྐྱར་གསོ་བའུ་ཅར་ ལག་ལེན་འཐབ་ནི་དེ་ ཁོང་ར་ལུ་ བདེ་ཏོག་ཏོ་ཡོདཔ་མ་ཚད་ རོགས་ཀྱིས་བཙུགས་མ་དགོ་པར་ ཁོ་ར་གིས་ མིག་གི་མཐོང་ས་བཙུགས་ནི་ཡོདཔ་ལས་ དེ་ར་དགའཝ་མས་ཟེར་ཨིན་པས།
ཨིན་རུང་ རང་བཞིན་གནས་སྟངས་ལུ་ གནོད་པ་མི་འོང་ནིའི་དོན་ལུ་ འབྲུག་བརྒྱུད་འཕྲིན་གྱི་ ཁ་ཐུག་ལས་ ག་དེ་དྲག་དྲག་ཅིག་ ཞབས་ཏོག་གསརཔ་ བཙུགས་ནི་ཨིན་ཟེར་ཨིན་པས།
ཚོང་མགྲོན་པའི་ ཞལ་འཛོམས་ནང་ མ་ལྷོད་པར་ གསོལ་རས་ལེན་མ་ཚུགས་མི་ཚུ་ འབྲུག་བརྒྱུད་འཕྲིན་གྱི་ ཡིག་ཚང་ནང་ལས་ བྱིན་ནི་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment