གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཁྲོམ་སློབ་ཕྲུག་ཚུ་གི་བར་ན་ རྩེདམོ་སྣ་ཚོགས་ཀྱི་ལས་རིམ་ འགོ་འདྲེན་འཐབ་དོ་ཡོདཔ།

༡༦/༥/༢༠༡༣   ༉ ཐིམ་ཕུ་ཁྲོམ་ནང་འཁོད་ཀྱི་ སློབ་གྲྭ་ཁག་གི་བར་ན་ རྩེད་རིགས་སྣ་ཚོགས་ཀྱི་ འགྲན་བསྡུར་འགོ་འདྲེན་འཐབ་པའི་བསྒང་ཡོད་མི་དེ་ ད་རིས་ མཇུག་བསྡུ་ནི་ཨིནམ་ད་ དྲག་ཤོས་ཐོན་མི་ཚུ་ རྒྱལ་ཡོངས་རྩེད་འགྲན་ནང་ བཅའ་མར་གཏོགས་ཚུགས་ནི་ཨིན་པས།
སློབ་ཕྲུག་བུམོ་ཅིག་གིས་ མཆོངས་པའི་བསྒང་།


ཁ་ཙ་ ཐིམ་ཕུ་ཁྲོམ་སྡེ་གི་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་བུཚ་གི་བར་ན་ མཆོངས་རྒྱུག་དང་ ཤིང་དུམ་འཐུ་ནི་ མི་ཊར་༢༠༠ དང་༤༠༠ གི་ བང་རྒྱུག་ དེ་ལས་ བུམོ་གི་ མཆོངས་རྒྱུག་འབད་ནི་དང་ མི་ཊར་༢༠༠ དང་༤༠༠ གི་ བང་རྒྱུག་ དེ་ལས་ མི་ཊར་༣༠༠༠ གི་ བང་རྒྱུག་འགྲན་བསྡུར་ཚུ་ འབད་ཡོདཔ་ཨིན་པས།
འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་བུཚ་དང་བུམོ་ཚུ་གི མི་ཊར་༢༠༠ དང་༤༠༠ གི་ བང་རྒྱུག་ དེ་ལས་ མི་ཊར་༣༠༠༠ གི་བང་རྒྱུག་འགྲན་བསྡུར་ཚུ་ འབད་ནི་ཨིན་རུང་ འབྲིང་རིམ་སློབ་གྲྭ་འོག་མའི་སློབ་ཕྲུག་ བུཚ་དང་ བུམོ་ཚུ་གི་བར་ན་ མི་ཊར་༢༠༠ གི་བང་རྒྱུག་དང་ མི་ཊར་༢༠༠ གི་ རི་ལེ་རེསི་ རྒྱུག་འགྲན་འབད་ཡོདཔ་ཨིན་པས།
ད་རིས་ འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་དང་ འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ བུཚ་དང་ བུམོ་ཚུ་གི་བར་ན་ མི་ཊར་༢༠༠ དང་༤༠༠ གི་ བང་རྒྱུག་འབད་ནི་དང་  མི་ཊར་༤༠༠ གི་རི་ལེ་རེསི་རྒྱུག་འགྲན་ཚུ་འབད་ནི་ཨིནམ་མ་ཚད་ འབྲིང་རིམ་སློབ་གྲྭ་འོག་མའི་སློབ་ཕྲུག་ བུཚ་དང་ བུམོ་ཚུ་གི་བར་ན་ མི་ཊར་༦༠ དང་༨༠ རྒྱུག་འགྲན་འབད་ནི་དང་ མི་ཊར་༢༠༠ གི་རི་ལ་རེསི་རྒྱུག་འགྲན་ཚུ་འབད་ནི་ཨིན་པས།
འབྲུག་རྩེད་རིགས་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ རྡོ་རྗེ་བསྟན་འཛིན་གྱིས་ སླབ་མི་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་ ཐིམ་ཁྲོམ་སློབ་གྲྭ་ཁག་གི་བར་ནའི་ རྩེད་འགྲན་འགོ་འདྲེན་འཐབ་ཡོདཔ་ད་ དེ་སྦེ་ འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་གཙོ་བོ་ར་ ན་གཞོན་ཚུ་ རྩེད་རིགས་ནང་ གོང་འཕེལ་གཏང་ནི་དང་ རིག་རྩལ་ཡར་དྲག་གཏང་ནི་ དེ་ལས་ སློབ་སྟོན་པ་ཚུ་གི་ ཤེས་ཡོན་ཡར་དྲག་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སློབ་གྲྭ་ཁག་གི་བར་ན་ རྩེད་རིགས་འགྲན་བསྡུར་འབད་མི་ལས་ དྲག་ཤོས་ཐོན་མི་ཚུ་ གདམ་འཐུ་འབད་དེ་ རྒྱལ་ཡོངས་རྩེད་འགྲན་ནང་ བཅའ་མར་གཏོགས་བཅུག་ནི་ཨིནམ་མ་ཚད་ རྒྱལ་ཡོངས་རྩེད་རིགས་སྣ་ཚོགས་ནང་ལས་ དྲག་ཤོས་འཐོན་མི་ཚུ་ གདམ་འཐུ་འབད་དེ་ རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་ ཕྱི་རྒྱལ་ལས་ཕར་ རྩེད་རིགས་སྣ་ཚོགས་ནང་ བཅའ་མར་གཏོགས་བཅུག་ནིའི་ ལས་རིམ་ཡོད་ཟེར་ཨིན་པས།
འབྲུག་པའི་ན་གཞོན་ཚུ་ ཤེས་རིག་ཡོན་ཏན་རྐྱངམ་གཅིག་ལུ་ གཙོ་བོ་བཏོན་ནི་མེན་པར་ གཟུགས་ཁམས་སྒྲིང་སྒྲིང་བཞག་ཐབས་ལུ་ སྒྱུ་རྩལ་གྱི་ལས་རིམ་འགོ་འདྲེན་འཐབ་ཡོདཔ་ད་ ད་ལས་ཕར་ ཕམ་དང་ སྤུན་ཆ་ཚུ་གིས་ སློབ་གྲྭའི་དུས་ཚོད་ཚང་ཞིནམ་ལས་ དུས་ཡུན་ཆུ་ཚོད་༡ གི་རིང་ལུ་ རྩེད་རིགས་སྣ་ཚོགས་ཀྱི་སྐོར་ལས་ ཐིམ་ཕུ་ ལྕང་ཟམ་ཏོག་ རྩེད་རིགས་སྣ་ཚོགས་འགོ་འདྲེན་འཐབ་སའི་ རྩེད་ཐང་ནང་ལུ་ གཏང་གནང་ཟེར་ འབྲུག་རྩེད་རིགས་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ རྡོ་རྗེ་བསྟན་འཛིན་གྱིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment