གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་སྐབས་གཞུང་གིས་ དུས་རྒྱུན་གྱི་བྱ་སྒོ་ཚུ་ བསྒྲུབ་ནི་མ་གཏོགས་ སྲིད་བྱུས་ཀྱི་རིགས་ ཐག་བཅད་མི་ཆོག་ནི།

༦/༥/༢༠༡༣   ༉ གནས་སྐབས་ཀྱི་ གཞུང་གཞི་བཙུགས་འབད་དེ་ བདུན་ཕྲག་༡ གི་ཤུལ་ལུ་ ཀུན་གསལ་གྱིས་ གྲོས་དཔོན་སྤྱི་ཁྱབ་ འབྲུག་གི་ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ལུ་ གནས་སྐབས་གཞུང་གི་ དུས་ཡུན་སྐབས་ ལཱ་དང་འགན་ཁུར་ དེ་ལས་ གདོང་ལེན་འབད་དགོཔ་ ག་ཅི་ར་ཡོདཔ་ཨིན་ནའི་སྐོར་ དྲི་བ་དྲིས་ལན་ཞུ་མིའི་ནང་་་
ཀུན་གསལ། ས་གནས་གཞུང་གིས་ དེ་འཕྲོ་ལས་ ཕྱག་འགན་དང་ བྱ་སྒོ་གཞན་བསྒྲུབ་དགོཔ་ ག་ཅི་ར་འདུག་ལགས?

སྤྱི་ཟླ་༤ པའི་ཚེས་༢༠ ལུ་ གནས་སྐབས་ཀྱི་གཞུང་ གཞི་བཙུགས་འབད་བའི་ རྟེན་འབྲེལ་བརྩི་བའི་སྐབས་ གྲོས་དཔོན་སྤྱི་ཁྱབ་ བློན་པོ་བསོད་ནམས་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གནས་སྐབས་གཞུང་བསྐོ་བཞག་གནང་པའི་ བཀའ་ཤོག་ལུ་ གུས་བཀུར་ཞུ་བའི་བསྒང་།


གྲོས་དཔོན་སྤྱི་ཁྱབ། གནས་སྐབས་གཞུང་གིས་ ལཱ་དང་འགན་ཁུར་ བྱ་སྒོ་ཚུ་གི་སྐོར་ལས་ ད་རིས་ རེས་གཟའ་མིག་དམར་ལུ་ ཡིག་ཚང་གི་ བཀའ་རྒྱ་ཅིག་ བཏོན་ནི་ཨིན།
ཀུན་གསལ། གནས་སྐབས་གཞུང་གི་ དུས་ཡུན་སྐབས་ ལཱ་དང་འགན་ཁུར་གྱི་ བྱ་སྒོ་ཚུ་ བསྒྲུབ་པའི་སྐབས་ གདོང་ལེན་འབད་དགོཔ་ འཐོན་ནི་བཟུམ་གཟིགས་མས་ག་ལགས?
གྲོས་དཔོན་སྤྱི་ཁྱབ། ང་བཅས་གྲོས་དཔོན་ཚུ་གིས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༩ པའི་དགོངས་དོན་ནང་ གནས་སྐབས་ཀྱི་ གཞུང་འདི་གིས་ གཞུང་གི་དུས་རྒྱུན་གྱི་ བྱ་སྒོ་ཚུ་ བསྒྲུབ་ནི་མ་གཏོགས་ སྲིད་བྱུས་ཅིག་གི་གྲོས་ཆོད་ ཡང་ཅིན་ ཕྱི་གཞུང་གི་ ལས་ཚོགས་ཚུ་དང་གཅིག་ཁར་ གན་རྒྱ་བཅས་གང་ཡང་ བཟོ་ནིའི་ཐོབ་རིམ་མེད་ཟེར་ གསལ་བཀོད་འབད་མི་དང་འཁྲིལ་ཏེ་ ཕྱག་ཞུ་འོང་ཟེར་ཞུ་ནི།
ཀུན་གསལ། བློན་པོ་གིས་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་བློན་པོ་དང་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ཀྱི་ ཕྱག་འགན་གཉིས་འབྱེལ་ཏེ་ ཕྱག་ལཱ་མཛད་དགོཔ་ད་ བྱ་སྟབས་མ་བདེཝ་འཐོན་ནི་བཟུམ་ གཟིགསཔ་མས་ག་ལགས?
གྲོས་དཔོན་སྤྱི་ཁྱབ། ང་གིས་ མངོན་མཐོ་ཁྲིམས་འདུན་དང་ གནས་སྐབས་གཞུང་གི་ འགན་ཁུུར་གཉིས་ སླ་བསྲེས་མི་རྐྱབ། ག་འཆརཔ་ཟེར་བ་ཅིན་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་སྦེ་ བསྐོ་བཞག་གནང་མི་དང་འཁྲིལ་ ང་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ འགྱོ་ནི་མེད་པའི་ཁར་ མངོན་མཐོ་ཁྲིམས་འདུན་གྱི་ བྱ་སྒོ་རིམ་པ་ཚུ་ གཞི་བཙུགས་འབད་དེ་ཡོདཔ་མ་ཚད་ ལཱ་དང་འགན་ཚུ་ག་ར་ མཉམ་རོགས་ཚུ་གིས་ བགོ་བཤའ་རྐྱབ་སྟེ་ ལཱ་འབདཝ་ཨིན།
ཀུན་གསལ། རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་དང་ སྤྱིར་བཏང་བཙག་འཐུ་ཚུ་གི་དོན་ལུ་ ཞི་གཡོགཔ་གོངམ་མང་ཤོས་ཅིག་ར་ རྫོང་ཁག་དང་ འདེམས་ཁོངས་ རྒེད་འོག་ཚུ་ནང་ལས་ཕར་ བཙག་འཐུའི་སྒྲིག་གཡོག་ནང་ འགྱོ་ནི་ཨིནམ་ལས་ དུས་ཡུན་ཟླ་ངོ་༣ གྱི་རིང་ལུ་ གཞུང་སྐྱོང་གི་ ལག་ལེན་དང་ བྱ་སྒོ་ཚུ་ ཡུདཔ་ཅིག་ མཚམས་འཇོག་འགྱོ་ནི་བཟུམ་འདུག། དེ་གིས གནས་སྐབས་གཞུང་གིས་ ཚུལ་མཐུན་སྦེ་ འཛིན་སྐྱོང་འཐབ་ནི་ལུ་ བར་ཆད་རྐྱབ་ནི་བཟུམ་མཐོངམ་མས། དེ་གི་སྐོར་ལས་ གྲོས་དཔོན་སྤྱི་ཁྱབ་ཀྱི་ ཁ་ཐུག་ལས་ ཐུགས་འཆར་གསུང་གནང་།
གྲོས་དཔོན་སྤྱི་ཁྱབ།  འབྲུག་གཞུང་ལུ་ བདག་སྐྱོང་ལམ་ལུགས་སྒྲིང་སྒྲིང་སྦེ་ གཞི་བཙུགས་འབད་དེ་ཡོདཔ་ལས་ འཛིན་སྐྱོང་གི་ ཕྱག་ལཱ་ཚུ་ རྩ་ལས་ར་ མཚམས་འཇོག་མི་འགྱོ། གཞུང་གི་དུས་རྒྱུན་གྱི་ བྱ་སྒོ་ཚུ་ བསྒྲུབ་ནི་དེ་ མི་སྟོབས་མིན་པར་ འཛིན་སྐྱོང་ལམ་ལུགས་དང་འཁྲིལ་ཨིན། འདི་འབདཝ་ལས་ གནས་སྐབས་ཀྱི་གཞུང་ལུ་ རྩ་ཁྲིམས་ཅན་དང་ བདག་སྐྱོང་དང་འབྲེལ་བའི་ འགན་ཁུར་ཚུ་ འབག་ནི་དང་ བསྒྲུབ་ནི་ལུ་ བར་ཆད་མི་འབྱུང་།
ཀུན་གསལ། གནས་སྐབས་གཞུང་གི་ དུས་ཡུན་སྐབས་ མི་སེར་ཚུ་ལུ་ བྱ་སྟབས་མ་བདེཝ་བྱུང་མི་ཚུ་ བདེ་སྒྲིག་བཟོ་ནིའི་དོན་ལས་ གནས་སྐབས་གཞུང་གིས་ ག་དེ་སྦེ་ ངོས་ལེན་མཛད་གནང་འོང་། དེ་གི་སྐོར་ལས་ ཐུགས་འཆར་ཅིག་གསུང་གནང་།
གྲོས་དཔོན་སྤྱི་ཁྱབ། གནས་སྐབས་ཀྱི་གཞུང་དེ་ བཙག་འཐུ་གྲུབ་པའི་ གཞུང་གི་གནས་ཡུན་ཚང་མི་དང་བསྟུན་ འཛིན་སྐྱོང་གི་ ཕྱག་འགན་མཛད་མི་ཨིནམ་ད་ ལཱ་དང་བྱ་སྒོའི་གཞི་རྩ་ཚུ་ ཧེ་མའི་གཞུང་གིས་ མཛད་མི་དང་ དབྱེ་བ་ག་ནི་ཡང་མེདཔ་ཨིན་རུང་ གནས་སྐབས་གཞུང་ལུ་ དབང་ཚད་ཚད་ཅིག་ལས་བརྒལ་མེད། ཨིན་རུང་ གནས་སྐབས་གཞུང་གིས་ ཤུལ་མའི་བཙག་འཐུ་གསརཔ་མ་གྲུབ་ཚུན་ཚོད་ གཞུང་གི་དུས་རྒྱུན་གྱི་ བྱ་སྒོའི་རིགས་ཆ་མཉམ་ར་ བསྒྲུབ་ནི་དང་ མི་སེར་གྱི་ སྟབས་བདེ་སྡུག་ཚུ་ རྩ་ཁྲིམས་ཆེན་མོའི་ཁྱབ་དབང་དང་འཁྲིལ་ ག་དེ་དྲག་དྲག་ སེལ་ཐབས་འབད་ནི་ལུ་ རྩ་འགེངས་འོང་ཟེར་ ཞུ་ནི་ཨིན།

No comments:

Post a Comment