གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༦/༤/༢༠༡༣   མི་སེར་ལུ་ བློ་གཏད་ཚུགས་པའི་ སྲིད་ཚོགས་གདམ་ཁ་རྐྱབ་ནི་གི་འགན་འཁྲི།
༉ ད་རིས་ཉིན་མ་ཁམས་ཅིག་ཁར་ འགོ་ཐོག་བཙག་འཐུའི་དོན་ལུ་ སྲིད་དོན་ཚོགས་པ་༥ པོ་ཆ་ར་ དོ་འགྲན་གྱི་ མཐར་འཁྱོལ་ཚུགས་མི་ཚུགས་ ཧ་གོ་ཚུགས་ནི་ཨིན་མས།


དེ་ཡང་ ཐོ་བཀོད་གྲུབ་པའི་ སྲིད་དོན་ཚོགས་པ་༥ གིས་ ཁ་ཙ་ དྲོ་པའི་ཆུ་ཚོད་༩.༣༠ ལས་འགོ་བཙུགས་ ཕྱི་རུའི་ཆུ་ཚོད་༥ གི་ནང་འཁོད་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ནང་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་དོན་ལས་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་མི་ཚུ་ བརྟག་ཞིབ་འབད་དེ་ ད་རིས་ཉིན་མར་ ངོས་ལེན་ཧྲིལ་བུ་འགྲུབ་མ་གྲུབ་ཀྱི་ གསལ་བསྒྲགས་འབད་ནི་ཨིན་མས།
འདས་པའི་ཉིནམ་དག་པ་ཅིག་ལས་ སྲིད་དོན་ཚོགས་པ་ཚུ་གིས་ དོ་འགྲན་ཁས་ལེན་ཡི་ཞུ་བཙུགས་ནི་གི་ ཞག་དུས་རནམ་དང་བསྟུན་ རྒྱལ་ཁབ་ནང་གི་ འདེམས་ཁོངས་༤༧ གྱི་ འདེམས་ངོ་༤༧ ཆ་མཉམ་གཏན་འཁེལ་བཟོ་ནི་དང་ ཚོགས་པའི་ཁས་བླངས་གསལ་བསྒྲགས་དང་ ལྟ་བ་ གཞི་རྩ་ཚུ་ གྲ་སྒྲིག་འབད་ནིའི་དོན་ལུ་ ཉིན་ནུབ་མེད་པར་ ལཱ་འབད་བའི་མཐའ་མར་ ཁ་ཙ་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་ འབྲུག་སྤྱིར་དབང་ཚོགས་པ་ འབྲུག་ཀུན་མཉམ་པར་ཊི་ དེ་ལས་ མི་སེར་དམངས་གཙོ་ཚོགས་པ་༥ གིས་ ཁས་ལེན་ཡི་གུ་དུས་ཚོད་ཀྲིག་ཀྲི་ནང་ བཙུགས་ཚུགས་མི་དེ་ དམངས་གཙོའི་རིང་ལུགས་སྒྲིང་སྒྲིང་འགྱོ་ནི་གི་ བརྡ་མཚོན་ཅིག་ཨིན་མས།
སྲིད་དོན་ཚོགས་པ་ལྔཔོ་ཆ་ར་གིས་ འདེམས་ཁོངས་ལ་ལུ་ཅིག་ནང་ འདེམས་ངོ་ཐོབ་མ་ཚུགས་པར་ གདོང་ལེན་འབད་དགོཔ་ བྱུང་ཡོད་རུང་ མཐའན་མཇུག་ལུ་ འདེམས་ངོ་ཚང་ཚུགསཔ་ལས་ དུམ་གྲ་ཅིག་ བློ་བདེ་ཏོག་ཏོ་བྱུང་ནུག།
དེ་འབདཝ་ད་ སྲིད་ཚོགས་ཚོགས་པ་ཚུ་གིས་ དོ་འགྲན་ཁས་ལེན་ཡི་གུ་བཙུགསཔ་རྐྱངམ་གཅིག་ འགོ་ཐོག་བཙག་འཐུའི་དོན་ལུ་ མཐར་འཁྱོལ་འབྱུང་འོང་ཟེར་ སླབ་མི་ཚུགས་ནི་ཨིན་མི་དེ་ཡང་ འདེམས་ངོ་ཚུ་གིས་གཙོས་པའི་ ཡིག་ཆ་བཙུགས་མི་ཚུ་ བཙག་འཐུ་ལྷན་ཚོགས་ཀྱིས་ བརྟག་ཞིབ་འབདཝ་ད་ ཁྲིམས་མཐུན་མེད་པ་ཅིན་ སྲིད་ཚོགས་དེ་ ཆ་མེད་འགྱོ་ནི་གི་ འོས་འབབ་ཡོདཔ་ཨིན།
དེ་གི་ ནང་དོན་ཉིད་ལས་ ལྟ་རྟོག་པ་ཚུ་གིས་ སླབ་མིའི་ནང་ བཙག་འཐུ་ལྷན་ཚོགས་ལུ་ ཁས་ལེན་ཡི་གུ་དང་ འདེམས་ངོ་ཚུ་གི་ ཁྱད་ཚད་ཚང་མི་ཚང་ བརྟག་ཞིབ་འབད་ནི་མ་གཏོགས་ སྲིད་ཚོགས་ཚུ་གི་ ལྕོགས་གྲུབ་དང་ བློ་གཏད་ཡོད་མེད་ ནན་ཞིབ་འབད་ནི་གི་ དབང་ཚད་མེད་རུང་ ད་རིས་ སྲིད་ཚོགས་ལེ་ཤ་ཡོད་མིའི་ གནས་སྟངས་ནང་ དབྱེ་དཔྱད་ཞིབ་པར་འབད་དེ་ ཕྱིར་སེལ་རྐྱབ་དགོཔ་འདུག་ཟེར་ཨིན་མས།
སྔ་གོང་ལས་ ཕྱིར་སེལ་རྐྱབ་པ་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་གིས་ བློ་གཏད་དང་ ཡིད་ཆེས་བསྐྱེད་ཚུགས་པའི་ སྲིད་དོན་ཚོགས་པ་ཚུ་ གདམ་ཁ་རྐྱབ་ནི་གི་ གོ་སྐབས་བྱིན་ཚུགས།
དེ་མ་ཚད་ འགོ་ཐོག་བཙག་འཐུའི་ ཟད་འགྲོ་ཚུ་ཡང་ གངམ་བཏང་མ་དགོ་པའི་ ཕན་ཐབས་འོང་ནི་མས་ཟེར་ ལྟ་རྟོག་པ་ཚུ་གིས་ བཤད་ཡོདཔ་ད་ གལ་སྲིད་ སྲིད་དོན་ཚོགས་པ་༥ པོ་ཆ་ར་ འགོ་ཐོག་བཙག་འཐུའི་དོན་ལུ་ ངོས་ལེན་འགྲུབ་པ་ཅིན་ བརྡ་བརྒྱུད་ཐོག་ལས་ འདེམས་ངོ་ཚུ་གི་སྐོར་ལས་ གསལ་བསྒྲགས་དང་ བརྡ་བྱང་ལ་སོགས་པའི་ ཟད་འགྲོ་མ་རྩིས་བར་ སྲིད་ཚོགས་༥ གི་འདེམས་ཁོངས་༤༧ ལུ་ བསྐུལ་བསྒྲགས་མ་དངུལ་ འདེམས་ཁོངས་རེ་ལུ་ དངུལ་ཀྲམ་༡༣༠,༠༠༠ རེ་ སྤྲོད་དགོཔ་ལས་ བསྡོམས་ཀྱིས་ དངུལ་ཀྲམ་ས་ཡ་༣༠.༥༥༠ ཟད་འགྲོ་གནས་ནི་ཨིན་མས།
གནད་དོན་ག་དེ་སྦེ་ར་ཨིན་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་པའི་མི་སེར་ཚུ་ལུ་ བློ་གཏད་ཚུགས་པའི་ སྲིད་ཚོགས་ཚུ་ གདམ་ཁ་རྐྱབ་ནི་གི་ འགན་འཁྲི་བཀལ་དགོཔ་བཞིན་དུ་ དེ་དང་གཅིག་ཁར་ སྲིད་ཚོགས་ཚུ་གི་ རྒྱབ་སྐྱོར་མ་དངུལ་གྱི་ འབྱུང་ཁུངས་ཚུ་ཡང་ བརྟག་ཞིབ་འབད་ནི་དེ་ཡང་ ཁག་ཆེ་ཟེར་ ཞུ་ནི་ཨིན།

No comments:

Post a Comment