གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟམ་གསརཔ་གིས་ རྒེད་འོག་༤ གི་ མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་ནི།

༦/༧/༢༠༡༣   ༉ བདུན་ཕྲག་འདི་ནང་ ཕྲེ་བར་མཁོ་ལའི་ཟམ་དེ་ སྣུམ་འཁོར་ཚུ་གི་དོན་ལུ་ སྒོ་ཕྱེ་བའི་ཤུལ་ལས་ དགེ་ལེགས་ཕུག་རྒེད་འོག་ གསེར་གཤོང་དང་ ཆུ་གཟར་སྒང་ ཨུམ་གླིང་དང་ རྟ་རེ་ཐང་རྒེད་འོག་༤ གི་ མི་སེར་ཚུ་གི་ གཏན་འཇགས་ཀྱི་དཀའ་ངལ་བྱུང་མི་དེ་ བསལ་ཚུགས་ཡོདཔ་ཨིན་པས།

རྒེད་འོག་༤ གི་ མི་སེར་ལུ་ ཕན་ཐོགས་འབྱུང་ནི་ཨིན་མི་ ལྕགས་ཟམ་གསརཔ།

ཟམ་དེ་གིས་ རྒེད་འོག་༤ གི་ མི་སེར་༡༥,༠༠༠ ལྷགཔ་ཅིག་ལུ་ ད་རེས་ནངས་པ་ མི་སེར་སོ་ནམ་པའི་སྡེ་ཚན་བཟོ་ཡོད་མི་ཚུ་གི་ བྱ་དང་ ཚོད་བསྲེ་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ སྟབས་བདེ་ཏོག་ཏོ་འོང་ནི་ཨིན་པས།
དེ་མ་ཚད་ ཟམ་དེ་ལུ་བརྟེན་ མི་སེར་ཚུ་གིས་ རང་སོའི་ཉེན་ཁ་འབག་ཐོག་ལས་ མའུ་མཁོ་ལ་ཆུ་བརྒལ་ནི་དེ་གིས་ ཚེ་སྲོག་ལུ་གནོད་པའི་ཉེན་ཁ་ཡོད་པའི་ དཀའ་ངལ་དེ་ཡང་ བསལ་ཚུགས་ནི་ཨིན་པས།
དགེ་ལེགས་ཕུག་དྲུང་པ་ པདྨ་དབང་འདུས་ཀྱིས་ སླབ་མིའི་ནང་ ཕྲེ་བར་མཁོ་ལ་ཆུ་བརྒལ་ཏེ་ ཟམ་ཅིག་མེད་མི་ལུ་བརྟེན་ མི་ཚུ་གིས་ ཉེན་ཁ་འབག་སྟེ་ མའུ་མཁོ་ལ་ཆུ་བརྒལ་འགྱོ་ནིའི་ དཔའ་བཅམ་མི་ལུ་བརྟེན་ ལོ་བསྟར་བཞིན་དུ་ མི་༢ དང་༣ དེ་རེ་ ཆུ་གིས་འཕྱགས་འབག་དོ་ཡོད་མི་དེ་ ད་ལས་ཕར་ བཀག་ཐབས་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
གནམ་དགུན་ལུ་འབད་བ་ཅིན་ ཆུ་ཆུང་ཀུ་འགྱོ་མི་ལུ་བརྟེན་ སྣུམ་འཁོར་ཆེ་བ་དང་ བར་མ་ དེ་ལས་ ཆུང་བ་ཚུ་གི་གྲས་ལས་ བོ་ལི་རོ་དང་ ཧའི་ལགསི་ཚུ་ ཐལ་དོ་ཡོད་རུང་ གཞན་མི་ཚུ་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ གནམ་དགུན་གྱི་དུས་ཚོད་ལུ་ མའུ་མཁོ་ལ་ ཆུ་སྐམ་འགྱོ་བའི་སྐབས་ གནས་སྐབས་ཀྱི་ སྦ་ཟམ་རྐྱབ་སྲོལ་ཡོད་མིའི་མགུ་ལས་ བརྒལ་འགྱོ་དོ་ཡོདཔ་ད་ གནམ་བྱཱར་ལུ་འབད་བ་ཅིན་ ཤིང་གི་གྲུའི་ཞབས་ཏོག་ལུ་བརྟེན་ བརྒལ་འགྱོ་དོ་ཡོདཔ་ཨིན་པས།
ཨིན་རུང་ ཞབས་ཏོག་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ ཟམ་མེད་མི་ལུ་བརྟེན་ རྒེད་འོག་༤ གི་མི་སེར་ཚུ་གིས་ དུས་ཡུན་ཆུ་ཚོད་༡ དང་༣ གྱི་བར་ན་ རྐང་སྟོང་སྦེ་ ལམ་འགྱོ་དགོ་དོ་ཡོདཔ་ཨིན་པས།
དྲུང་པ་པདྨ་དབང་འདུས་ཀྱིས་ སླབ་མི་དང་འཁྲིལཝ་ད་ གནམ་བྱཱར་གྱི་དུས་ཚོད་ལུ་ ས་གནས་ཀྱི་མི་སེར་ཚུ་གིས་ ཁོང་རའི་ ཐོན་སྐྱེད་ཀྱི་རིགས་ཚུ་ ག་ཅི་ཡང་ སྐྱེལ་ལེན་འབད་མ་ཚུགས་མི་ལུ་བརྟེན་ ཁྱིམ་ནང་ར་སྡོད་དེ་ དུས་ཚོད་ཆུད་ཟོས་བཏང་དོ་ཡོདཔ་ད་ ཟམ་དེ་གིས་ ཐོན་སྐྱེད་ཚུ་ འོང་འབབ་ཀྱི་དོན་ལུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཟམ་བཟོ་སྐྲུན་གྱི་ལཱ་ཚུ་ཡང་ སྤྱི་ལོ་༢༠༡༠ མཇུག་བསྡུ་ཁམས་ལུ་ འགོ་བཙུགས་ཡོདཔ་ད་ ཟམ་བཟོ་སྐྲུན་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༠.༧༨ གནས་ཡོདཔ་ཨིན་པས།

རིང་ཚད་ཕིཊ་༡༣༠ འབད་མི་ ལྕགས་ཟམ་དེ་ སྤྱི་ཟླ་༥ པའི་ཚེས་༢ ལུ་ མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་༣ པ་མཆོག་གིས་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ རྫོང་ཁག་དང་ དྲུང་ཁག་ དེ་ལས་ རྒེད་འོག་ཚུ་གི་ མི་སེར་ཚུ་འཛོམས་ཐོག་ཁར་ འགོ་འབྱེད་འབད་ཡོདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment