གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ གློག་མེ་ཚད་སྤེལ་འཕྲུལ་ཆས་༢༠ སྐྱེལ་འདྲེན་འབད་ཡོདཔ།

༨/༥/༢༠༡༣   ༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ལའུ་རི་རྒེད་འོག་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱིས་ གློག་མེ་ཚད་སྤེལ་འཕྲུལ་ཆས་༢༠ ཟངས་ཐིག་སྤྱི་འོག་དང་ ཚོགས་ཐང་ དེ་ལས་ གདུང་སྨན་མ་སྤྱི་འོག་གི་ གཡུས་སྒོ་ཚུ་ནང་ སྐྱེལ་འདྲེན་འབད་ཡོདཔ་ཨིན་པས།
གློག་མེ་ཚད་སྤེལ་འཕྲུལ་ཆས།


དུས་ཡུན་ཚང་སོང་རུང་ ལཱ་མཇུག་བསྡུ་མ་ཚུགས་པའི་ཁར་ གཡུས་སྒོའི་མི་སེར་༣༠ དང་༤༠ མཉམ་རུབ་ཐོག་ལས་ འབག་ནི་ལུ་ བརྩོན་ཤུགས་བསྐྱེད་རུང་ འཕྲུལ་ཆས་འབག་མ་ཚུགས་མི་ལུ་བརྟེན་ ཨེམ་ཨེསི་རིག་གསུམ་མགོན་པའི་ཁག་འབགཔ་གིས་ གནམ་གྲུའི་ཐོག་ལས་ སྐྱེལ་འདྲེན་འབད་དོ་ཡོདཔ་ཨིན་པས།
གྲོང་གསེབ་གློག་མེ་བཀྲམ་སྤེལ་ལས་སྡེ་གིས་ ཚད་འཛིན་དུས་ཡུན་དང་འཁྲིལ་ ཁག་འབགཔ་དེ་གིས་ ལཱ་འབད་ཡོད་རུང་ ལའུ་རི་རྒེད་འོག་དེ་ རྫོང་ཁག་ལས་ མཐའ་ཟུར་ཅིག་ཨིནམ་ལས་ དང་པ་ ལས་མི་ཐོབ་མ་ཚུགས་པའི་དཀའ་ངལ་ གཉིས་པ་ འཁོར་ལམ་མེདཔ་ལས་ འཕྲུལ་ཆས་སྐྱེལ་འདྲེན་འབད་ནི་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ་ དེ་ལས་ རྟ་ལམ་ཡང་ ལེགས་ཤོམ་ཅིག་མེདཔ་ལས་ དཀའ་ངལ་གཅིག་ཤུལ་གཉིས་སྦེ་ ཐོན་ནི་དེ་གིས་ དོ་འགྲན་བྱུང་ཡོདཔ་ཨིན་པས།
ཨེམ་ཨེསི་རིག་གསུམ་མགོན་པའི་ཁག་འབགཔ་ མཆོད་རྟེན་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ ཁ་ཙ་ ཟངས་ཐིག་དང་ ཚོགས་ཐང་ གདུང་སྨན་མ་ བོད་རྩེ་གླིང་ དེ་ལས་ མེ་རིང་ཚལ་མའི་ གཡུས་སྒོ་ཚུ་གི་དོན་ལུ་ སྨན་ལྗོངས་འབྲིང་རིམ་སློབ་གྲྭ་འོག་མའི་ ཕུཊ་བཱོལ་རྩེད་ཐང་ལས་སྦེ་ དྲོ་པའི་ཆུ་ཚོད་ཕྱེད་དང་༧ ལས་ སྐྱེལ་འདྲེན་འབད་མི་དེ་གིས་ ཕྱི་རུའི་ཆུ་ཚོད་༦ ཚུན་ གནམ་གྲུ་ཧེ་ལི་ཀོབ་ཊར་ཚར་༢༠ འཕུར་འགྲུལ་འབདཝ་ད་ གློག་མེ་ཚད་སྤེལ་འཕྲུལ་ཆས་༢༠ སྐྱེལ་འདྲེན་འབད་ཚུགས་ཅི་ཟེར་ཨིན་པས།
ད་རིས་ དྲོ་པའི་ཆུ་ཚོད་ཕྱེད་དང་༧ ལས་འགོ་བཙུགས་ ཕྱི་རུའི་ཆུ་ཚོད་༦ ཚུན་ སྨན་ལྗོངས་འབྲིང་རིམ་སློབ་གྲྭ་འོག་མ་ལས་ ཚད་སྤེལ་འཕྲུལ་ཆས་༢༡ ཁ་ཤིག་སྟེང་དང་ ཕ་འཇོ་དགོན་པ་ རོལ་གནང་ མོམ་རིང་ འཇོམས་པ་ དེ་ལས་ ལའུ་རི་གཡུས་སྒོ་ཚུ་ནང་ སྐྱེལ་འདྲེན་འབད་ཚུགས་ཟེར་ཨིན་པས།
ནངས་པ་ འུང་ཐིག་དང་ སེར་ཟོར་ པཌ་པ་ན་དང་གི་ གཡུས་སྒོ་ཚུ་ནང་ གློག་མེ་ཚད་སྤེལ་འཕྲུལ་ཆས་༤ སྐྱེལ་འདྲེན་འབད་ནི་ཨིན་རུང་ སྣུམ་འཁོར་ཟུར་ལམ་གྱི་ ཉེ་འདབས་ལུ་ཨིན་མི་ གསེར་ཐིག་རྒེད་འོག་གི་ དེབ་གཙང་སྦྲ་དང་ དེབ་གཙང་ དྲན་ཕུག་ དེ་ལས་ འགྱུར་མེད་གཡུས་སྒོ་ཚུ་ནང་ མི་སེར་ཁོང་ར་གིས་ སྐྱེལ་འདྲེན་འབད་ནི་ཨིན་པས།
ཁག་འབགཔ་མཆོད་རྟེན་ཚེ་རིང་གིས་ འབད་བ་ཅིན་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱིས་ ཐེངས་གཅིག་འཕུར་འགྲུལ་འབདཝ་ད་ ཚད་སྤེལ་འཕྲུལ་ཆས་༡ ལས་བརྒལ་འབག་མི་ཚུགས་པས་ཟེར་ཨིནམ་ད་ ཚད་སྤེལ་འཕྲུལ་ཆས་རེ་ལུ་ ཀེ་ཇི་ཉུང་ཤོས་༢༦༠ དང་ མཐོ་ཤོས་༤༣༠ ཡོད་ནི་དེ་གིས་ ཨིན་ཟེར་ ཨིན་པས།
གནམ་གྲུ་འཕུར་འགྲུལ་འབད་མི་དེ་གིས་ སྨན་ལྗོངས་སློབ་གྲྭ་ལས་ གཡུས་སྒོ་ཚུ་ནང་ལྷོད་ནི་ལུ་ དུས་ཡུན་སྐར་མ་༥ ནང་ སྐྱེལ་འདྲེན་འབད་ཚུགསཔ་ཨིན་རུང་ རྐང་སྟོང་སྦེ་འགྱོ་དགོ་པ་ཅིན་ ཉིནམ་༢ འགོརཝ་ཨིན་པས།
ཁག་འབགཔ་གིས་ ཀུན་གསལ་ལུ་བཤད་མི་དང་འཁྲིལཝ་ད་ ཚད་སྤེལ་འཕྲུལ་ཆས་༡ ལུ་ སྐྱེལ་འདྲེན་གྱི་ གླ་འཐུས་དངུལ་ཀྲམ་༧༠,༠༠༠ ཨིན་ཟེར་ཨིནམ་ད་ ལའུ་རི་རྒེད་འོག་གི་ གཡུས་སྒོ་ཚུ་ནང་ ཚད་སྤེལ་འཕྲུལ་ཆས་༤༧ སྐྱེལ་འདྲེན་འབད་མི་ལུ་ གླ་འཐུས་དངུལ་ཀྲམ་༣༢,༩༠,༠༠༠ དེ་ཅིག་ སྤྲོད་དགོ་པས་ཟེར་ཨིན་པས།
ལའུ་རི་རྒཔོ་དོན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ རྒེད་འོག་དེ་ མཐའ་ཟུར་ཅིག་འབདཝ་ལས་བརྟེན་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱིས་ དོས་ཚུ་ སྐྱེལ་འདྲེན་འབད་ཐོག་ལས་ མི་སེར་གྱི་ སྐྱིད་སྡུག་བསལ་ཚུགསཔ་མ་ཚད་ འཕྲལ་མགྱོགས་ར་ རྒེད་འོག་ནང་ གློག་མེའི་མཐུན་རྐྱེན་འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རང་སོའི་གཡུས་སྒོ་ནང་ སྐྱེལ་འདྲེན་འབད་ནི་ཨིན་མི་ གློག་མེའི་ཐགཔ་དང་ ཀཝ་ དེ་ལས་ གཞན་དགོས་མཁོ་ཆེ་བའི་ འཕྲུལ་ཆས་ཚུ་ ལམ་ཐག་ག་དེ་ཅིག་རིང་རུང་ མི་སེར་ཚུ་གིས་ བརྩོན་ཤུགས་དང་ སྤྲོ་བ་ཐེབས་བསྐྱེད་དེ་ ཚེར་སྣང་མ་སྐྱེད་པར་ འབད་དོ་ཡོདཔ་ལས་ དགའ་བའི་ཉིནམ་ཅིག་ ཤར་ནི་མས་ཟེར་ཨིན་པས།
ལོ་ལྔའི་འཆར་གཞི་༡༠ པའི་དམིགས་ཡུལ་དང་འཁྲིལ་ཏེ་ སྤྱི་ལོ་༢༠༡༢ ནང་ གྲོང་གསེབ་གཡུས་སྒོ་ནང་ གློག་མེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ ཨེམ་ཨེསི་རིག་གསུམ་མགོན་པ་ཁག་འབགཔ་གིས་ རིན་བསྡུར་ཐོག་ལས་ ལཱ་ཚུ་ཐོབ་ཡོདཔ་ཨིན་པས།
གྲོང་གསེབ་གློག་མེ་བཀྲམ་སྤེལ་སྡེ་ཚན་དང་ ཁག་འབགཔ་༢ ཀྱི་བར་ན་ བཟོ་མིའི་གན་རྒྱ་དང་འཁྲིལ་ཏེ་ གལ་སྲིད་ ཁག་འབགཔ་དེ་གིས་ དུས་ཚོད་ཁར་ བཟོ་སྐྲུན་འབད་མ་ཚུགས་པ་ཅིན་ ཉེས་ཆད་དང་ཉེས་ཁྲིམས་ཚུ་ བཀལ་འོང་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment