གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤིང་བཟོ་དྲ་ཁང་ལུ་ ཤིང་ཆས་བཙོང་ནིའི་ དབང་ཚད་མེད་པའི་དཀའ་ངལ།

༨/༥/༢༠༡༣   ༉ ཤིང་དྲ་ཁང་ཚུ་ལས་ ཤིང་ཆས་ཉོ་དགོ་པ་ཅིན་ ཧེ་མ་ར་ འབྲེལ་ཡོད་ནགས་ཚལ་ཡིག་ཚང་ནང་ལས་ ཤིང་ཉོ་ཆོག་པའི་ གནང་བ་ལེན་དགོཔ་ཨིན་རུང་ མང་ཤོས་ཅིག་གིས་ ལམ་ལུགས་དེའི་སྐོར་ལས་ ཤེས་རྟོགས་མེད་ནི་དེ་གིས་ ཐད་ཀར་དུ་ ཤིང་ཉོ་བར་ དྲ་ཁང་ནང་འགྱོ་བའི་སྐབས་ ཤིང་མ་ཐོབ་པའི་དཀའ་ངལ་ ཐོན་དོ་ཡོདཔ་ཨིན་པས།
ལོད་སྦིས་ས་ལུ་ཡོད་མི་ ཤིང་དྲ་ཁང་།


སྤྱི་ཟླ་༣ པའི་ཚེས་༢༢ ལུ་ སྤུ་ན་ཁ་ ཁུ་རུ་ཐང་ལས་ ཞི་གཡོགཔ་ཅིག་གིས་ དབང་འདུས་ལུ་ ཤིང་དྲ་ཁང་ཅིག་ནང་ལས་ སྣུམ་འཁོར་ཌི་སི་ཨེམ་ཅིག་ནང་ ཤིང་དོས་བཙུགས་ཏེ་འགྱོ་ནི་འབད་བའི་སྐབས་ ནགས་ཚལ་འགོ་དཔོན་ཅིག་གིས་ བཀག་ཆ་འབད་དེ་ གནང་བའི་ཡི་གུ་དགོ་ཟེར་སླབ་ད་ བཏོན་ནི་མེདཔ་ལས་ དེ་འཕྲོ་ལས་ ལོད་སྦིས་ས་ལུ་ མངའ་སྡེ་ནགས་ཚལ་ནང་ལས་ གནང་བ་ལེན་པར་ འགྱོ་དགོཔ་ཐོན་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ལམ་ལུགས་སྐོར་ལས་ ཧེ་མ་ལས་ ཤེས་པ་ཅིན་ ཤིང་དྲ་ཁང་ནང་ མ་འོང་པའི་ཧེ་མར་ མངའ་སྡེའི་ནགས་ཚལ་ཡིག་ཚང་ནང་ འགྱོ་འགྱོཝ་འོང་ཟེར་ཨིནམ་ད་ དེ་ཚེ་ ཁོ་གིས་གནང་བའི་ཡི་གུ་ལེན་པའི་ཤུལ་ལས་ ཤིང་འབག་ཡོདཔ་ཨིན་རུང་ དེ་བཟུམ་གྱི་ལམ་ལུགས་ཀྱིས་ དུས་ཚོད་འཕྲོ་བརླག་གཏང་ནིའི་ལཱ་ཅིག་ཨིན་པས་ཟེར་ཨིནམ་ད་ དེ་ཡང་ བ་འཇོ་ཐང་ལས་ ལོད་སྦིས་ས་ཚུན་ ཀི་ལོ་མི་ཊར་༡༡ སྣུམ་འཁོར་ནང་ འགྱོ་དགོ་ནི་དེ་གིས་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༣ ལུ་ཡང་ བ་འཇོ་ཐང་གུ་ལུ་ཡོད་པའི་ དོན་གྲུབ་ཤིང་དྲ་ཁང་ལས་ ཁག་འབགཔ་ བཙན་སྐྱོགས་རྡོ་རྗེ་གིས་ ཤིང་དྲ་དུམ་ཚུ་ སྣུམ་འཁོར་ཊག་ཅིག་གི་རྩིས་ ཉོ་ནིའི་དཔའ་བཅམ་པའི་སྐབས་ འཛིན་སྐྱོང་པ་གིས་ ཁོང་ལུ་བཙོང་ནིའི་དབང་ཆ་མེདཔ་ལས་ ལོད་སྦིས་ས་ལུ་ འགྱོ་དགོ་ཟེར་སླབ་པའི་སྐབས་ ཧ་ལས་མི་དེ་ ཤིང་དྲ་ཁང་ལུ་ ཤིང་བཙོང་ནིའི་དབང་ཚད་ མེད་མི་ལུ་བརྟེན་ཨིན་པས།
མ་གཞི་བཙན་སྐྱོགས་རྡོ་རྗེ་གིས་ ཤིང་དུམ་ཚུ་ ཉིནམ་དེ་ནང་ར་དགོ་ནི་ཨིན་རུང་ ནགས་ཚལ་ཡིག་ཚང་ནང་ལས་ གནང་བའི་ཡི་གུ་ལེན་ནིའི་དོན་ལུ་ ཞུ་ཡིག་བཙུགས་པའི་སྐབས་ ཉིནམ་༢ དེ་ཅིག་ཕྱིས་མི་དེ་ བདུན་མཐའི་ངལ་གསོ་དང་ ཁ་ཐུག་རྐྱབ་ནི་དེ་གིས་ཨིན་པས།
བཙན་སྐྱོགས་ཀྱིས་ སླབ་མིའི་ནང་ ཚོང་གཞན་བཟུམ་སྦེ་ ཤིང་ཆས་ཡང་ ཤིང་དྲ་ཁང་ནང་ལས་ ཐད་ཀར་དུ་ ཉོ་ནིའི་དབང་ཚད་འོང་ཟེར་ཨིནམ་ད་ མངའ་སྡེའི་ནགས་ཚལ་ནང་འགྱོ་བའི་སྐབས་ དུས་ཚོད་འཕྲོ་བརླག་འགྱོ་ནི་ཨིནམ་ལས་ ཚོང་རྐྱབ་མི་ཚུ་ལུ་ དུས་ཚོད་དེ་ཡང་ མ་དངུལ་ར་ཨིན་ཟེར་ཨིན་པས།
ཤིང་ཉོ་ནིའི་གནང་བ་ལེན་པའི་སྐབས་ ཞུ་ཡིག་དང་གཅིག་ཁར་ ཁག་འབགཔ་ཨིན་པ་ཅིན་ ལཱ་འབད་ཆོག་པའི་གནང་བའི་ཡིག་ཆ་དང་ ཤིང་དེ་ སྒེར་གྱི་ཁྱིམ་རྐྱབ་ནིའི་དོན་ལུ་ཨིན་པ་ཅིན་ ཁྱིམ་རྐྱབ་ཆོག་པའི་གནང་བ་ དེ་ལས་ ཤིང་གི་ཁ་གྱངས་དང་ ཤིང་གི་རིགས་ག་ར་ ཡིག་ཆ་དང་གཅིག་ཁར་ བཙུགས་དགོཔ་ཨིན་རུང་ ཤིང་ཉོ་མི་ འབྲི་ལྷག་གི་ཤེས་ཡོན་མེད་མི་ཚུ་གིས་ ཡིག་ཆ་ཚང་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།
ཤིང་དྲ་ཁང་གི་ ཇོ་བདག་ཚུ་གིས་འབད་བ་ཅིན་ དཀའ་ངལ་སྦོམ་ཤོས་ར་ ཤིང་ཆས་ཉུང་སུ་ཅིག་ལས་བརྒལ་ མ་དགོ་མི་ཚུ་ མངའ་སྡེའི་ཡིག་ཚང་ནང་ ཟད་འགྲོ་བཏང་སྟེ་ འགྱོ་མ་བཏུབ་པའི་སྐབས་ ཁོང་ལུ་གནོདཔ་མས་ཟེར་ཨིནམ་ད་ དེ་ཡང་ ཤིང་མ་ཉོ་བར་ ལོག་འགྱོ་བའི་སྐབས་ ཚོང་འབྲེལ་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
དོན་གྲུབ་ཤིང་དྲ་ཁང་གི་ ཇོ་བདག་ཀརྨ་བསོད་ནམས་ཀྱིས་སླབ་མིའི་ནང་ ཤིང་ཉོ་མི་ཚུ་ ཤིང་དྲ་ཁང་ནང་ལས་ ལགཔ་སྟོངམ་སྦེ་ལོག་འགྱོ་བའི་སྐབས་ སེམས་མི་དགའ་བས་ཟེར་ཨིནམ་ད་ ཁོང་གི་དོན་ལུ་ ཚོང་ཉོ་མི་ཅིག་ར་ཨིན་རུང་ ཚོང་ཨིནམ་ལས་ དེ་བཟུམ་གྱི་ལམ་ལུགས་ཀྱིས་ ཤིང་དྲ་ཁང་ཚུ་ལུ་ ཐོ་སྦོམ་རང་ཕོག་དོ་ཟེར་ཨིན་པས།
སྤུ་ན་ཁ་འབྲུག་ཨིན་ཊི་གེ་རེཊ་ ཤིང་དྲ་ཁང་དང་ ནང་ཆས་ལས་སྡེའི་ མཉམ་འབྲེལ་འཛིན་སྐྱོང་པ་ པདྨ་རྒྱལ་མཚན་གྱིས་ སླབ་མིའི་ནང་ དེ་བཟུམ་གྱི་ལམ་ལུགས་ལུ་བརྟེན་ ཟླ་རིམ་བཞིན་དུ་ ཤིང་ཆས་ཉོ་མི་༥༠ དེ་ཅིག་ ལོག་འགྱོ་དོ་ཟེར་ཨིནམ་ད་ དྲ་ཁང་ནང་ཤིང་ཉོ་བར་འོང་བའི་སྐབས་ མངའ་སྡེའི་ཡིག་ཚང་ལས་ གནང་བའི་ཡི་གུ་དགོ་ཟེར་སླབ་ད་ ལོག་འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ནགས་ཚལ་ལས་ཁུངས་ཀྱི་ ལཱ་འགན་དེ་ ཤིང་ཚུ་ཚུལ་མིན་ཐོག་ལས་ ཚོང་འབྲེལ་འབད་མི་ཚུ་ ལྟ་རྟོག་འབད་ནི་དེ་ཨིནམ་ལས་ ཤིང་དུམ་རིན་བསྡུར་ཐོག་ལས་ཉོ་སྟེ་ དྲ་ཁང་ནང་ལྷོད་མི་ཚུ་ ཡང་བསྐྱར་དུ་ ལྟ་རྟོག་འབད་དགོཔ་ མིན་འདུག་ཟེར་ཨིན་པས།
ལོད་སྦིས་ས་ མངའ་སྡེ་ནགས་ཚལ་གྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ སྒོམ་ཆེན་འབྲུག་པ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ལམ་ལུགས་དེ་ སྤྱི་ལོ་༢༠༡༡ ལུ་ ཤིང་དུམ་གྱི་ མཁོ་མངགས་འབད་མི་ མངམ་ཐོན་པའི་སྐབས་ ཤིང་ཆས་ཚུ་ ཚུལ་མིན་ཐོག་ལས་ ཚོང་འབྲེལ་འཐབ་མི་ལུ་བརྟེན་ དེ་ཚུ་བཀག་ཐབས་འབད་ནིའི་དོན་ལུ་ བཟོ་ཡི་ཟེར་ཨིནམ་ད་ ལ་ལུ་ཅིག་གིས་ ཤིང་དྲ་ཁང་ལས་ ཤིང་ཉོ་སྟེ་ གཞན་མི་ལུ་ གོང་ཚད་ཡར་སེང་གི་ཐོག་ལུ་ བཙོང་མི་ཐོན་ཡི་ཟེར་ཨིན་པས།
ད་རེས་ གནས་སྐབས་ཅིག་གི་དོན་ལུ་ དངུལ་ཁང་ལས་ དངུལ་བསྐྱིན་འགྲུལ་བྱིན་ནི་ཚུ་ མཚམས་འཇོག་འབད་མི་ལུ་བརྟེན་ ཤིང་ཆས་མཁོ་འདོད་བཀོད་མི་ ཉུང་སུ་ཅིག་ལས་མེདཔ་ལས་ དེ་བཟུམ་གྱི་ལམ་ལུགས་དེ་ དགོཔ་མིན་འདུག་ཟེར་ ཤིང་དྲ་ཁང་གི་ཇོ་བདག་ ཚེ་རིང་པདྨ་གིས་སླབ་ཡོདཔ་ད་ ཚོང་འབྲེལ་ལེགས་ཤོམ་སྦེ་འགྱོ་དགོ་པ་ཅིན་ ལམ་ལུགས་བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།
ལམ་ལུགས་བསྒྱུར་བཅོས་འབད་དགོ་པ་ཅིན་ ཤིང་དྲ་ཁང་ཚུ་གིས་ གནད་དོན་དེའི་སྐོར་ལས་ གཞུང་ལུ་ཡི་གུ་བཙུགས་དགོ་ཟེར་ཨིནམ་ད་ ཤིང་དྲ་ཁང་གི་ཇོ་བདག་ཚུ་གིས་ གནད་དོན་དེ་གི་ཐོག་ལུ་ མངའ་སྡེའི་ནགས་ཚལ་ཡིག་ཚང་ནང་ ཐེངས་ལེ་ཤ་ཅིག་ར་ སྙན་ཞུ་འབད་རུང་ ལན་གསལ་ག་ནི་ཡང་ ཐོབ་མ་ཚུགས་ཟེར་ཨིན་པའི་གནས་་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment