གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནམ་ཤི་རུང་བློ་འགྱོད་བསྐྱེད་དགོཔ་མེདཔ།

༨/༥/༢༠༡༣   ༉ སྤ་རོ་རྫོང་ཁག་ ཅེ་ལེ་ལ་ལུ་ མ་ལྷོདཔ་ཅིག་ཁར་ སྐྱིད་ལ་དགོན་པ་ལུ འགྱོ་སའི་ལམ་བར་ན་ སྒྲིང་ཁྱིམ་ཐོག་ཚད་༡ འབད་མི་ཅིག་ནང་སྡོད་མི་ ཨང་རྒས་མགུ་ཏོ་དཀརཔོ་ཐལ་མི་ཅིག་གིས་ སྒོ་སྒྲིག་ནང་ལས་ ཐོན་བལྟ་ས་མཐོངམ་ཨིན་པས།
མ་ཎི་དུང་ཕྱུར་༤ ལྷག་ཙམ་བཏོན་མི་ ཨང་རྒས་བུ་དྷ།


 དེ་ཡང་ སྤ་རོ་རྫོང་ཁག་ནང་གི་ སྐྱེས་ལོ་༨༣ ལང་མི་ ཨང་རྒས་བུ་དྷ་ཨིནམ་ད་ མོ་གིས་ དགོན་པ་དེ་ནང་ མ་ཎི་བགྱངས་སྡོད་དེ་ ལོ་ངོ་༢༤ དེ་ཅིག་སོང་ཡོདཔ་ད་ མོ་གིས་ ད་རེས་འབདཝ་ད་ མ་ཎི་དུང་ཕྱུར་༤ ལྷགཔ་ཅིག་ ཐོབ་ཡོདཔ་ཨིན་པས།
ཁ་ནང་སོ་མེད་རུང་ ཆུ་སྒོར་ཅིག་ ཨ་རྟག་ར་ ཁ་ནང་བཙུགས་སྡོད་མི་ ཨང་རྒས་དེ་ ཁོང་སྤུན་ཆ་༣ ཡོད་པའི་གྲས་ལས་ སྦོམ་ཤོས་ཨིནམ་ད་ མོ་ར་ སྐྱེས་ལོ་༡༡ སྦེ་སྡོད་པའི་སྐབས་ མོ་གི་ཨའི་ ཚེ་ལས་འདས་སོཔ་ད་ དེ་གི་ཤུལ་ལས་ མོ་གཡུས་ཁར་ ལཱ་འབད་སྡོད་ཡོདཔ་ཨིན་རུང་ གཉེན་མ་རྐྱབ་ཨིན་པས།
མོ་གིས་ སེམས་སྐྱོ་སྣང་མེད་པའི་ཐོག་ལས་ དྲན་ཚོར་འབད་དེ་ སླབ་དོ་བཟུམ་འབད་བ་ཅིན་ མོ་རའི་ཨའི་དེ་ ཤི་བའི་སྐབས་ ན་ཟུག་གིས་དྲེགས་མ་ཚུགས་པར་ ང་ཤི་དོ་ཟེར་ ལོག་ཅི་ལོག་ཅི་ར་སླབ་ཡོདཔ་ལས་ མོ་ཡང་ དེ་ལུ་བལྟ་སྟེ་ འདྲོགས་ནི་དེ་གིས་ གཉེན་མ་རྐྱབ་པར་ སྡོད་ཅི་ཟེར་ཨིན་པས།
གལ་སྲིད་ མོ་གིས་ གཉེན་རྐྱབ་པ་ཅིན་ མོ་རའི་ཨའི་བཟུམ་སྦེ་ ཤི་དགོཔ་འཐོན་ནི་དང་ མ་ཎི་བགྱང་ནིའི་གོ་སྐབས་ མི་ཐོབ་ནི་ཨིནམ་ཤེས་ཏེ་ སྐྱེས་ལོ་༥༩ ཚུན་ གཟུགས་ཀྱི་ལྕོགས་གྲུབ་ཡོད་པའི་དུས་ཚོད་ལུ་ གཡུས་ཁར་ལཱ་འབད་ སྡོད་པའི་ཤུལ་ལུ་ དགོན་པའི་ནང་ མ་ཎི་བགྱངས་པར་ འོང་ཡི་ཟེར་ཨིན་པས།
མོ་ར་གཡུས་ཁར་ ལཱ་འབད་དེ་ སྡོད་པའི་སྐབས་ལུ་ཡང་ ལོ་ན་ཆུང་ཀུ་བསྒང་ལས་ར་ མ་ཎི་བགྱངམ་བགྱངས་ས་ར་ སྡོད་ཡོདཔ་ད་ ད་ལྟོ་ཡོད་པའི་ཕྱེངམ་འདི་ ཧེ་མ་ལས་ར་ ལག་ལེན་འཐབ་འཐབ་ཨིན་ཟེར་ མོ་རའི་ཕྱེངམ་ རྙིངམ་འབད་མི་དེ་ བཏོནམ་ཨིན་པས།
ཨང་རྒས་བུ་དྷ་ལུ་ བུ་ཚབ་ཅིག་ཡོད་མི་དེ་གིས་ མོ་ར་གཡུས་ཁར་འགྱོ་བའི་སྐབས་ ཡར་ལྷོང་ མར་ཧེན་ མལ་ཆ་བཟོ་ཐོག་ལས་ ལེགས་ཤོམ་འབདཝ་ཨིན་ཟེར་ཨིནམ་ད་ འཕྲལ་འཕྲལ་སྦེ་ར་ བུ་ཚབ་དེ་གིས་ མོ་ར་བལྟ་བའི་ཞོར་ཁར་ རྒྱགས་སྐལ་བསྐྱལ་བར་ འོང་ནི་ཡོད་ཟེར་སླབ་ཨིན་པས།
མོ་སྡོད་སའི་ཁྱིམ་ནང་ ཁང་མིག་༢ ཡོདཔ་ད་ ཕྱི་ཁ་ལས་ཕར་ ཐབ་ཤིང་སྐམ་ཚུ་ བརྩིགས་བཞག་པའི་ཁར་ ཁྱིམ་ནང་ན་ ལྕགས་ཐབ་ བུ་ཁ་རི་དང་ ལྟོ་འབད་ནིའི་དོན་ལུ་ རའེསི་ཀུ་ཀར་དང་ ཀ་རི་ཀུ་ཀར་ དེ་ལས་ ཆུ་བསྐོལ་ནིའི་གློག་ཆས་ཚུ་ཡང་ བཙུགས་ཏེ་འདུག།
མོ་ལུ་ ཨ་ནེམོ་ཚུ་གི་ གོ་ལ་རྙིངམ་ཚུ་བྱིན་དོ་ཡོད་པའི་ཁར་ ལྟ་བཤལཔ་ཚུ་གིས་ གདན་དང་ མལ་ཆ་ཚུ་ བྱིན་དོ་ཡོདཔ་ལས་ དེ་ཚུ་ ཉོ་དགོཔ་མི་ཐོན་པས་ཟེར་ཨིན་པས།
ཉིན་མར་ ཉིམ་ཤར་བའི་སྐབས་ མོ་རའི་ཁྱིམ་གྱི་ སྒོ་སྒྲིག་གི་རྩ་བར་ གྱིབ་ཀྱི་རྐང་ཁྲི་ཅིག་བཞག་སྟེ་ དེ་གུ་སྡོད་ཐོག་ལས་ མ་ཎི་བགྱངས་སྦེ་ སྡོད་དོ་ཡོདཔ་ད་ རེ་ཚེ་སྐབས་ མོ་གིས་ ཙེའུ་ཅིག་ནང་ ཆུའི་གྱིབ་དམ་ཆུང་ཀུ་ དག་པ་ཅིག་བཙུགས་ཏེ་ ཆུ་དབོགས་འབག་འོང་ས་ མཐོངམ་ཨིན་པས།
ཨང་རྒས་ཀྱིས་ སླབ་མིའི་ནང་ ན་ཧིང་ཚུན་ མོ་གིས་ མོ་རའི་དོན་ལུ་ ཐབ་ཤིང་ཚུ་ཡང་ བསྡུ་བསྒྱོམས་འབད་ཚུགསཔ་ཨིན་རུང་ དུས་ཅི་ལས་ ན་ཚོད་རྒས་ནི་དེ་གིས་ ལཱ་ཁག་རྐྱབ་མས་ཟེར་ཨིནམ་ད་ ད་ལྟོ་ཡོད་པའི་ཤིང་ཚུ་ མི་གཞན་ལུ་ གླ་ཆ་སྤྲོད་དེ་ འཐུ་འཐུཝ་ཨིན་ཟེར་སླབ་ཨིན་པས།
དུས་རྒྱུན་དུ་ འཐུང་ནིའི་ཆུ་ཚུ་ཡང་ ཨ་ནེམོ་ཚུ་གིས་ དབོགས་བྱིན་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཨ་ནེམོ་ཚུ་ དཔེ་ཆ་ལྷབ་དོ་ཡོདཔ་ལས་ དལ་ཁོམ་མེད་མི་ལུ་བརྟེན་ མོ་ར་གིས་ དབོགཔ་ཨིན་ཟེར་སླབ་ཨིན་པས།
སྐྱིད་ལ་དགོན་པ་ ཨ་ནེམ་འབྲིང་རིམ་བཤད་གྲྭའི་དབུ་འཛིན་ མཁན་པོ་ ཡོན་ཏན་རྒྱལ་མཚན་གྱིས་ བཤད་མིའི་ནང་ ལོ་ངོ་༢ དེ་ཅིག་གི་ཧེ་མ་ ཨང་རྒས་དེ་གིས་ མོ་རའི་དོན་ལུ་ ལཱ་ཚུ་འབད་ཚུགསཔ་ཨིན་རུང་ ད་རེས་ གཟུགས་ཀྱི་ནུས་སྟོབས་ མར་ཉམས་སོང་ནུག་ཟེར་ཨིན་པས།
མོ་གིས་ ཕྱི་རུ་ཨ་རྟག་ར་ ཕྱག་ཚར་༥ དང་ དྲོ་པ་ཚར་༥ རེ་ འཚལ་བའི་ཁར་ ཉིནམ་རེ་ནང་ མ་ཎི་༡,༠༠༠ དང་ བཛྲ་གུ་རུ་༢,༠༠༠ བགྱངས་དོ་ཡོདཔ་མ་ཚད་ སྐྱབས་འགྲོ་ཚར་༡༠༠ རེ་ བསག་དོ་ཡོདཔ་ཨིན་པས།
ད་རེས་ མོ་གི་གཟུགས་ཀྱི་ཡན་ལག་ཚུ་ན་སྟེ་ ཡར་ལོང་ནི་དང་ མར་ཉལ་ནི་ལུ་ཡང་ དཀའ་ངལ་བྱུང་དོ་ཡོདཔ་ད་ ཁྱིམ་དེ་ནང་ མོ་ར་རྐྱངམ་གཅིག་འབད་ནི་དེ་གིས་ ག་གིས་ཡང་མ་ཤེས་པར་ མི་ཤི་ག་མནོ་བའི་ ཚ་གྱང་ལང་དོ་ཡོདཔ་ཨིན་རུང་ རང་གིས་རང་ལུ་ ག་ཅི་ཡང་ འབད་མ་ཚུགས་པའི་ དུས་ཚོད་འ་ནེམ་ཅིག་ཁར་ ཤི་སོ་རུང་བཏུབ་པས་ཟེར་ མནོཝ་མས་ཟེར་ཨིན་མས།
མོ་ར་ གཟུགས་སྒྲིང་སྒྲིང་སྦེ་ སྡོད་པའི་སྐབས་ལས་ར་ མ་ཎི་ཚུ་ ལེགས་ཤོམ་སྦེ་ བགྱངས་ཚུགས་མི་ལུ་བརྟེན་ ད་ལས་ཕར་ ནམ་ཤི་རུང་ མོ་ལུ་བློ་འགྱོད་བསྐྱེད་དགོཔ་མེད་ཟེར་ སླབ་ཨིན་པས།
ཨང་རྒས་བུ་དྷ་དེ་ ལོ་ན་རྒས་སོ་རུང་ རྣ་བའི་དབང་པོ་ལུ་ ཐོ་དུམ་གྲ་ཅིག་ལས་མ་ཕོག་པའི་ཁར་ ཁ་ཡང་ ལེགས་ཤོམ་སྦེ་ར་ སླབ་ཚུགས་དོ་ཡོདཔ་མ་ཚད་ མིག་ཏོ་གིས་ ལེགས་ཤོམ་སྦེ་ར་ མཐོང་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment