གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པ་ལུ་ འདེམས་ངོ་༧ མ་ཚང་པར་ཡོདཔ།

༠༢/༠༥/༢༠༡༣  ༉ ཁ་ཙ་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཧེ་མའི་དེམས་ངོ་༣ གྱི་ཚབ་ལུ་ གསརཔ་བཙུགས་མི་རྩིས་ཏེ་ འདེམས་ངོ་༨ ངོ་སྤྲོད་འབད་ཡོད་མིའི་གྲས་ལས་༤ བདུན་ཕྲག་ཧེ་མའི་ནང་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་ཏེ་ བཙག་འཐུ་མ་གྲུབ་མི་ཚུ་ཨིན་པས།
སྲིད་དོན་ཚོགས་པ་ཚུ་གིས་ བཙག་འཐུ་ལྷན་ཚོགས་ལུ་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་ནི་གི་ ཚེས་གྲངས་མཇུག་དེ་ སྤྱི་ཟླ་༥ པའི་ཚེས་༥ ལུ་ཨིནམ་བཞིན་དུ་ དོ་འགྲན་ཁས་ལེན་ཡི་གུའི་ནང་ སྲིད་ཚོགས་ག་ར་གིས་ འདེམས་ཁོངས་༤༧ གྱི་ འདེམས་ངོ་ཚུ་ཚངམ་སྦེ་ བཙུགས་དགོཔ་ད་ འབྲུག་སྤྱིར་དབང་ཚོགས་པ་གིས་ ད་ཚུན་གྱི་བར་ན་ འདེམས་ངོ་༤ གཏན་འཁེལ་སོང་ཡོདཔ་ལས་ ད་རུང་ འདེམས་ངོ་ ངོ་སྤྲོད་འབད་དགོཔ་ཡོདཔ་ཨིན་པས།



པདྨ་དབང་ཕྱུག། ན་ནོང་-ཤུ་མར་འདེམས་ཁོངས།
པདྨ་དབང་ཕྱུག

སྐྱེས་ལོ་༣༣ ལང་མི་ པདྨ་དབང་ཕྱུག་གིས་ ཚོགས་པའི་འདེམས་ངོ་སྦེ་ པདྨ་དགའ་ཚལ་ན་ནོང་-ཤུ་མར་འདེམས་ཁོངས་ལས་དོ་འགྲན་འབད་ནི་ཨིན་པས།
སྤྱི་ལོ་༢༠༠༢ ལས་༢༠༠༨ ཚུན་ ཤེས་རིག་ལྷན་ཁག་དང་ དེ་གི་ཤུལ་ལས་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ནང་ ལཱ་འབད་མི་ པདྨ་དབང་ཕྱུག་གིས་ དུས་ཅི་ དགོངས་ཞུ་འབད་དེ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབདཝ་ད་ ཕམ་ཡོདཔ་ད་ ཚོགས་པ་དེ་ནང་ མི་རྒས་ཤོས་དང་ གཞོན་ཤོས་ ཨམ་སྲུ་དང་ ཕོ་སྐྱེས་ག་ར་ སླ་བསྲེས་ཏེ་ཡོད་མི་ལུ་ལྟ་སྟེ་ སེམས་ཤུགས་བྱུང་ཡི་ཟེར་ སླབ་ཨིན་པས།
རྣམ་རྒྱལ་རྡོ་རྗེ། དཀར་སྦྱིས་-རྟ་ལོག་འདེམས་ཁོངས།
རྣམ་རྒྱལ་རྡོ་རྗེ།

རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ལན་ཐེངས་༢ བཅའ་མར་གཏོགས་མི་ རྣམ་རྒྱལ་རྡོ་རྗེ་གིས་ སྤུ་ན་ཁ་དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
སྐྱེས་ལོ་༣༡ ལང་མི་གིས་ སྤྱི་ལོ་༢༠༠༦ ལུ་ རྒྱ་གར་པཱན་ཇབ་གཙུག་ལག་སློབ་སྡེ་ལས་ མི་སེར་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་ བཇུག་བསྡུ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ འབྲུག་སྤྱིར་དབང་ཚོགས་པའི་ ཁས་ལེན་དེ་ ན་གཞོན་དང་ ཨམ་སྲུ་ཚུ་ལས་ཨིནམ་ལས་ སྤྲོ་བ་བྱུང་སྟེ་ ཚོགས་པ་དེ་ནང་ འཛུལ་ཡི་ཟེར་ཨིན་པས།
སྐལ་བཟང་ནོར་བུ། བྲག་སྟེང་-གླང་མཐིལ་འདེམས་ཁོངས།
སྐལ་བཟང་ནོར་བུ།

ཀྲོང་གསར་རྫོང་ཁག་ བྲག་སྟེང་-གླང་མཐིལ་འདེམས་ཁོངས་ཀྱི་འདེམས་ངོ་དེ་ སྐྱེས་ལོ་༢༧ ལང་མི་ སྐལ་བཟང་ནོར་བུ་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྲིད་དོན་ཚོགས་པའི་ནང་ བཅའ་མར་གཏོགས་མི་དེ་ གཡོག་གི་གོ་སྐབས་ཅིག་ ཨིན་མས་ཟེར་མནོ་སྟེ་ འཛུལ་འཛུལཝ་མེན་ཟེར་ཨིན་པས།

སངས་རྒྱས་ཏ་མང་། པ་ཏ་ལི་-རྩི་རང་སྟོད་འདེམས་ཁོངས།
སངས་རྒྱས་ཏ་མང་།

སངས་རྒྱས་ཏ་མང་གིས་ པ་ཏ་ལི་- རྩི་རང་སྟོད་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་ མཐའ་ཟུར་གོང་འཕེལ་དང་ དབུལ་ཕོངས་ཀྱི་ དཀའ་ངལ་ནང་ གཙོ་བོར་བཏོན་ནི་ཟེར་ཨིནམ་མ་ཚད་ མི་སེར་དང་ གཞུང་གི་བར་ནའི་ མཐུན་ལམ་གོང་འཕེལ་གཏང་ནི་ཟེར་ སླབ་ཨིན་པས།
སངས་རྒྱས་ཏ་མང་གིས་ཡང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས། 

འཇིགས་མེད་ནོར་བུ། སྨན་སྦིས་-བཙན་མཁར་འདེམས་ཁོངས།
འཇིགས་མེད་ནོར་བུ།

སློབ་དཔོན་བགྲེསཔ་ སྐྱེས་ལོ་༢༥ ལང་མི་ འཇིགས་མེད་ནོར་བུ་གིས་ ལྷུན་རྩེ་རྫོང་ཁག་ སྨན་སྦིས་-བཙན་མཁར་འདེམས་ཁོངས་ལས་ བཅའ་མར་གཏོགས་ནི་ཨིན་པས།
ཁོ་གིས་ སྲིད་དོན་ཚོགས་པའི་ནང་ དོ་འགྲན་འབད་མི་དེ་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་ གོ་སྐབས་ ལེགས་ཤོམ་ཅིག་ཨིནམ་སྦེ་ཚོར་མི་ལུ་བརྟེན་ཏེ་ཨིན་ཟེར་ སླབ་ཨིན་པས།

ཚེ་རིང་རྡོ་རྗེ།  

བཀྲིས་སྒང་ཁྲིམས་ཤིང་-རྐང་པར་འདེམས་ཁོངས།
ཚེ་རིང་རྡོ་རྗེ།

 སྐྱེས་ལོ་༢༨ ལང་མི་ ཚེ་རིང་རྡོ་རྗེ་གིས་ སྲིད་དོན་ཚོགས་པའི་ནང་ འཛུལ་ཞུགས་འབད་མི་དེ་ཡང་ མི་སེར་ལུ་ ཕྱག་ཞུ་ནི་གི་གོ་སྐབས་ བཟང་པོ་ཅིག་ཨིནམ་སྦེ་མཐོང་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།

ཨྱོན་ཚེ་རིང་།
ཨྱོན་ཚེ་རིང་། སྤ་རོ་ལམ་གོང་-ཝང་ཅང་འདེམས་ཁོངས།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ སྐྱེས་ལོ་༤༥ ལང་མི་ ཨྱོན་ཚེ་རིང་གིས་ སྤ་རོ་ལམ་གོང་-ཝང་ཅང་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཞི་གཡོག་ནང་ ལོ་ངོ་༢༢ ཕྱག་ཞུ་བའི་ ཉམས་མྱོང་ཡོད་མི་ ཨྱོན་ཚེ་རིང་གིས་ མཐའ་ཟུར་གོང་འཕེལ་ལུ་ གཙོ་བོར་བཏོན་ནི་ཟེར་ བཤདཔ་ཨིན་པས།

ཀུན་ལེགས་ཆོས་སྒྲོན། རྡོ་སྒར་-ཤར་པ་འདེམས་ཁོངས།
ཀུན་ལེགས་ཆོས་སྒྲོན།
སྐྱེས་ལོ་༢༦ ལང་མི་ ཀུན་ལེགས་ཆོས་སྒྲོན་གྱིས་ སྤ་རོ་ རྡོ་སྒར་-ཤར་པ་འདེམས་ཁོངས་ལས་ ཚོགས་པའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ ཚན་རིག་མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་  ཀུན་ལེགས་ཆོས་སྒྲོན་གྱིས་  ཨམ་སྲུ་ཆ་བཞག་དང་ ཤེས་ཡོན་ལུ་ གཙོ་བོར་བཏོན་ནི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment