གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ཀྲམ་ས་ཡ་༤ ཟད་འགྲོ་བཏང་མི་ ཆུ་གཡུར་བར་སྟོང།

༠༢/༠༥/༢༠༡༣  ༉ སྤྱི་ལོ་༢༠༡༢ ལུ་ མ་དངུལ་དངུལ་ཀྲམ་ས་ཡ་༤ ཟད་འགྲོ་བཏང་ཐོག་ལས་བཏོན་མི་ ཆུ་གཡུར་དེ་ འགོ་འབྱེད་འབད་བའི་ཉིནམ་ལས་ཚུར་ ལག་ལེན་འཐབ་མ་བཏུབ་ལས་ ཞིང་ཆུའི་མཁོ་འདོད་འགྲུབ་མ་ཚུགས་པའི་ཁར་ གནམ་དགུན་ལུ་ ལོ་ཐོག་འཛུགས་སྐྱོང་འབད་མ་ཚུགས་པར་ ལུས་ཡོད་ཟེར་ བཀྲིས་སྒང་ར་ལྡིའི་ མི་སེར་ཚུ་གིས་ ཉོགས་བཤད་བཀོདཔ་ཨིན་པས།
ལག་ལེན་འཐབ་མ་བཏུབ་མི་ཆུ་དུང་།

མི་སེར་ཚུ་གིས་ ཡུ་ལྡི་རི་རོང་ཆུ་ལས་བཏོན་མི་ ཆུ་གཡུར་གྱི་ཐོག་ལས་ ལྕང་ལཱ་རྐྱབ་ནི་ འགོ་བཙུགས་ཚུགས་ནི་མས་ཟེར་ རེ་བ་བསྐྱེདཔ་ཨིན་རུང་ ཞིང་ཆུ་ཐིག་པ་ཅིག་ཡང་ འཛགས་ནི་མིན་འདུག་ཟེར་ ར་ལྡིའི་སོ་ནམ་ཞིང་པ་ཅིག་གིས་ སླབ་ཨིན་པས།
རིང་ཚད་ཀི་ལོ་མི་ཊར་༤ འབད་མི་ ཆུ་གཡུར་དེ་ གྱིབ་དུང་ཨེམ་ཨེམ་༩༠ འབད་མི་ ལག་ལེན་འཐབ་ཐོག་ལས་ ཡུ་ལྡི་རི་ལས་ ཏོག་ཤི་མང་བརྒྱུད་དེ་ ཇོ་མོ་དོག་ས་ཚུན་ བཏོན་ཡོད་མི་དེ་ཡང་ ར་ལྡི་རྒེད་འོག་ སྤག་ཀ་གླིང་དང་ གཙང་མཁར་ བདེ་སྐྱིད་གླིང་གཡུས་ཚན་གྱི་ ཆུ་ཞིང་ཨེ་ཀར་༩༥༠ ལུ་ ཞིང་ཆུ་བཀྲམ་སྤེལ་འབད་ཐབས་ལུ་ཨིན་པས།
དེ་འབདཝ་ད་ ཆུ་གཡུར་གྱི་ གྱིབ་དུང་ཚུ་ ཐད་ཕྲང་སྟེ་ མ་བཏོན་ནི་དེ་གིས་ ཆུ་འོང་ནི་མེད་ཟེར་ གཙང་མཁར་གྱི་ མི་སེར་ཅིག་གིས་ བཤད་པའི་ཁར་ དེ་བསྒང་ ཆུ་གཡུར་བཏོན་པའི་སྐབས་ ས་ཁོངས་བཟོ་རིག་འགོ་དཔོན་ཨིན་རུང་ ད་ལྟོ་ རྫོང་ཁག་བཟོ་རིག་འགོ་དཔོན་ལུ་ གོ་གནས་ཡར་སེང་ཐོབ་མི་དེ་གིས་ ཆུ་གཡུར་གྱི་ ལཱ་མཇུག་བསྡུ་ཞིནམ་ལས་ ལྟ་རྟོག་འབད་བར་ཚར་ཅིག་ཡང་ མ་འོང་ཟེར་ སླབ་ཨིན་པས།
ས་གནས་ཀྱི་ མི་སེར་ཚུ་གིས་ ཁ་ཉེས་བཀལ་མི་དང་འཁྲིལཝ་ད་ རྒེད་འོག་བདག་སྐྱོང་དང་ ས་ཁོངས་བཟོ་རིག་དཔོན་གྱིས་ ཏོག་ཤི་མང་ལུ་ རོང་ཆུ་ཆུང་ཀུ་ཅིག་ཡོད་མི་ལས་ ཆུ་གཡུར་དང་ སྦྲེལ་མཐུད་ཐོག་ལས་ ཆུ་གཡུར་འགོ་འབྱེད་ཀྱི་ རྟེན་འབྲེལ་ནང་བྱོན་མི་ སྐུ་མགྲོན་གཙོ་བོ་ལུ་ མགུ་སྐོར་བཏང་ཡི་ཟེར་ཨིན་པས།
གྲོང་གསེབ་མི་སེར་ཚུ་གིས་ ཆུ་གཡུར་བཏོན་སའི་ ཆུ་རྐའི་ཆུ་མཛོད་ལས་ ཆུ་དུང་མཐུདཔ་ད་ ཆུ་འོང་ནིའི་ཚབ་ལུ་ རྒྱབ་ལྟ་འགྱོ་ཡོདཔ་ལས་ ས་ཁོངས་བཟོ་རིག་འགོ་དཔོན་གྱིས་ ཆུ་ལམ་ཕྲང་མ་སེལ་བའི་ སྐྱོན་ཨིནམ་སྦེ་ ཁ་ཉེས་བཀལཝ་ཨིན་པས།
ཆུ་དུང་ཚུ་ བཙུགས་པའི་སྐབས་ལུ་ དཔག་ཚད་མི་ཕྲང་པས་ཟེར་ སོ་ནམ་པ་ལ་ལུ་ཅིག་གིས་ ཉོགས་བཤད་བཀོད་ཡོད་རུང་ བཟོ་རིག་འགོ་དཔོན་དེ་གིས་ བསྒྱུར་བཅོས་རྐྱབ་མ་བཏུབ་ཟེར་ གཙང་མཁར་གྱི་ གྲོང་གསེབ་མི་སེར་ཅིག་གིས་ སླབ་ཨིན་པའི་ཁར་ རྒེད་འོག་བདག་སྐྱོང་གིས་ཡང་ བཟོ་རིག་འགོ་དཔོན་གྱིས་ ལྟ་རྟོག་ཚུལ་ལྡན་མ་འབད་བའི་ སྐྱོན་ཨིནམ་སྦེ་ ཁ་བཏངམ་ཨིན་པས།
ཨིན་རུང་ ར་ལྡིའི་རྒཔོ་ འཇིགས་མེད་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཆུ་དུང་ཚུ་ ལོག་དཔག་ཚད་བཀལ་ཏེ་བཙུགས་ནི་ འགོ་བཙུགས་ཡོདཔ་ལས་ དངུལ་ཀྲམ་ས་ཡ་༡.༥ དེ་ཅིག་ ཟད་འགྲོ་ཐེབས་གནས་ནི་མས་ཟེར་ཨིན་པས།
ཟད་འགྲོ་ཐེབས་གནས་ནི་ཨིན་མི་དེ་ཡང་ ཆུ་རྐ་ལས་ ཆུ་ཤུགས་འོང་ནིའི་དོན་ལུ་ ཆུ་དུང་ཨེམ་ཨེམ་༩༠ འབད་མིའི་ཚབ་ལུ་ སྦོམ་ཆུང་ཨེམ་ཨེམ་༢༥༥ འབད་མི་ ཆུ་དུང་ཚུ་ ཉོ་དགོཔ་ལས་ འདི་མཁོ་སྒྲུབ་མ་འབད་ཚུན་ཚོད་ མི་སེར་ཚུ་གིས་ སྒུག་དགོཔ་འོང་ཟེར་ རྒཔོ་འཇིགས་མེད་རྣམ་རྒྱལ་གྱིས་ སླབ་ཨིན་པས།
མི་སེར་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཆུ་གཡུར་བཏོན་མི་དེ་ གཞུང་གི་མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ ཆུད་ཟོས་སོང་ཡོདཔ་མ་ཚད་ ར་སྡི་ལུ་ ཆུ་གཡུར་མཐར་འཁྱོལ་མ་བྱུང་མི་དེ་ ཐེངས་གཉིས་པ་ཨིནམ་ལས་ སེམས་ཕམ་བྱུང་ཡོད་ཟེར་ཨིན་པས།
དེ་ཡང་ ལས་འགུལ་དང་པ་དེ་ སྤྱི་ལོ་༡༩༩༠ གོ་གྲངས་ཀྱི་ སྔ་ཆ་ལུ་ ཨི་ཕཱཌ་གིས་ ཡུ་ལྡི་རི་ཆུ་རྐ་ལས་ ཆུ་གཡུར་བཏོན་ཡོད་རུང་ འདི་ཡང་ལག་ལེན་འཐབ་མ་བཏུབ་ལས་ གཞུང་དངུལ་ས་ཡ་ལས་བཅད་དེ་ འཕྲོ་བརླག་སོང་ཡོད་པའི་གནས་ཚུལ།

No comments:

Post a Comment