གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེའི་གྲོས་འཛོམས་ནང་ མི་སེར་ཚུ་ལས་ ངོས་ལེན་ལེགས་ཤོམ་མ་བྱུངམ།

༡༥/༠༥/༢༠༡༥  དེ་མ་ཚད་ འདེམས་ངོ་ཚུ་ལུ་ཡང་ ཁ་སྐད་ལེགས་ཤོམ་སྦེ་ སླབ་མ་ཚུགས་པའི་ དཀའ་ངལ་བྱུང་ནུག།

༉ ཁ་ཙ་ བསམ་རྩེ་ལུ་ སྲིད་དོན་ཚོགས་པ་༤ གི་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་སར་ ཚོགས་རྒྱན་སྐྱུར་མི་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མ་འོང་མི་ལུ་ལྟཝ་ད་ བསམ་རྩེ་ཁྲོམ་སྡེ་གིས་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ འགོ་ཐོག་བཙག་འཐུའི་ནང་ སྲིད་ཚོགས་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ སེམས་ཐག་བཅད་ཡོདཔ་བཟུམ་སྦེ་ ཚོར་སྣང་བྱུངམ་མ་ཚད་ གྲོས་འཛོམས་འདི་གི་ཐོག་ལས་ ཚོགས་པའི་འདེམས་ངོ་ཚུ་ ལེགས་ཤོམ་སྦེ་ ཤེས་རྟོགས་བྱུང་རུང་ དེ་གིས་ ཁྱད་པར་ཅིག་ བཟོ་མི་ཚུགས་ནི་བཟུམ་ མཐོང་སྣང་བྱུངམ་ཨིན་མས།


དེ་ཡང་ བསམ་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་ སྤྱི་དོན་ཁང་ནང་ འགོ་འདྲེན་འཐབ་མི་ སྤྱིར་བཏང་གྲོས་འཛོམས་དེ་ དུས་ཡུན་ཆུ་ཚོད་ཕྱེད་ལྷགཔ་ཅིག་ ཕར་འཕུལ་རྐྱབ་པའི་ཤུལ་ལུ་ ངོས་ལེན་འགོ་དཔོན་དང་ ལྟ་རྟོག་པ་ དེ་ལས་ སྲིད་ཚོགས་༤ གི་ འདེམས་ངོ་ཚུ་ དྲོ་པའི་ཆུ་ཚོད་༡༠ ཚུན་ བསྒུགས་སྡོད་རུང་ གྲོས་འཛོམས་ནང་ མི་སེར་༣༠ དེ་ཅིག་མ་གཏོགས་ མ་འོང་པས།
གཞན་མ་འབད་བ་ཅིན་ ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་འོག་ལུ་ བསམ་རྩེ་ཁྲོམ་སྡེའི་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༧༠༠ དེ་ཅིག་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་མེད་རུང་ སྤྱིར་བཏང་གྲོས་འཛོམས་དེ་ ལས་རིམ་དང་འཁྲིལ་ འགོ་འདྲེན་འཐབ་སྟེ་ འདེམས་ངོ་ཚུ་གིས་ རང་སོའི་ཚོགས་པའི་ དམིགས་དོན་དང་ འཆར་སྣང་ཚུ་གི་སྐོར་ལས་ གསལ་བཤད་འབད་ནུག།
འདེམས་ངོ་མང་ཤོས་ཅིག་ལུ་ རྫོང་ཁ་ལེགས་ཤོམ་སྦེ་ སླབ་མ་ཚུགས་པའི་ དཀའ་ངལ་བྱུང་ཡོད་རུང་ རང་སྐལ་རྡོ་ར་ཨིན་རུང་རྨུར་དགོ་ཟེར་ སླབ་སྲོལ་ཡོདཔ་བཟུམ་སྦེ་ འདེམས་ངོ་ཚུ་གིས་ རྩ་འགེངས་ཏེ་ར་ ཁོང་རའི་ ཚོགས་པ་དང་ འཆར་སྣང་ཚུ་གི་སྐོར་ལས་ མདོར་བསྡུས་ཏེ་ གོ་དོན་འཕྲོད་ཚུགསཔ་སྦེ་ གསལ་བཤད་འབད་ཡོདཔ་ཨིན་པས།
དེ་ཡང་ དང་པ་ར་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ བསམ་རྩེ་རྒེད་འོག་ལས་ སྐྱེས་ལོ་༣༡ ལང་མི་ བསམ་གཏད་ལེབ་ཅ་གིས་ མི་ཚེའི་དོན་ལུ་ ཚོགས་པའི་གཙོ་འཛིན་ལུ་ སེམས་ཤུགས་དང་ སྙིང་རུས་སྦོམ་ཡོད་པའི་སྐོར་ གསལ་བཤད་འབདཝ་དང་འབྲེལ་ ཚོགས་པ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ གཞི་བཞག་སྟེ་ རྩ་བ་གསུམ་ལུ་ ཕྱག་ཞུ་ཐབས་ལུ་དམིགས་ཏེ་ གཞི་བཙུགས་འབད་ཡི་ཟེར་བཤད་ནུག།
ཁས་བླངས་གསལ་བཤད་ རྫོང་ཁ་ནང་འབད་མི་ཚུ་ མི་སེར་ཚུ་གིས་ ཧ་གོ་ཚུགསཔ་ བཟོ་ནིའི་དོན་ལུ་ རྒྱ་གར་སི་ཀིམ་ལས་ ཚོང་རིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་གིས་ ཨིང་ལིཤ་ཐོག་ལུ་ གོ་བརྡ་སྤྲོད་ཡོདཔ་ད་ ཁོ་གིས་ ག་དེམ་ཅིག་སྦེ་ ཚོགས་པ་དེ་ གཞུང་སྐྱོང་མི་སྦེ་ བཙག་འཐུ་འགྲུབ་པ་ཅིན་ ཨམ་སྲུའི་ཐོབ་དབང་དང་ རང་འཚོ་རང་ལྡང་བཟོ་ནི་ མཐའ་ཟུར་གོང་འཕེལ་གཏང་ནི་ ལཱ་གཡོག་གི་ དཀའ་ངལ་བསལ་ཐབས་འབད་ནི་ཟེར་ ཁས་བླངས་འབདཝ་ཨིན་པས།
སྲིད་ཚོགས་ནང་ གཙོ་འཛིན་སྦེ་ ཨམ་ལི་ལི་དབང་ཕྱུག་བཟུམ་ཡོད་མི་དེ་ རྒྱལ་རབས་ཅན་ཅིག་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁམ་ཤིང་མེ་ཏོག་གི་ བརྡ་མཚོན་སྐོར་ལས་ གསལ་བཤད་འབདཝ་དང་འབྲེལ་ ཕུན་ཚོགས་དཔལ་རི་(དཔག་ལི)ལས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༥༤ ལང་མི་ ཀ་མཱལ་དཱན་ ཅམ་གླིང་གིས་ ཚོགས་པའི་ལས་རྟགས་ཀྱིས་ རེ་བ་གསརཔ་དང་ གོང་འཕེལ་གསརཔ་གི་ བརྡ་མཚོན་སྟོནམ་ཨིན་ཟེར་ཨིན་པས།
མཐའ་འཁོར་གནས་སྟངས་ཀྱི་ གྲོས་སྟོན་པ་བགྲེསཔ་དེ་གིས་ ཁོ་ར་ སྲིད་ཚོགས་ནང་ འཛུལ་དགོ་པའི་ གནད་ཁུངས་དེ་ཡང་ ཚོགས་པ་དེ་ མི་སེར་གྱི་གཞུང་ལུ་ གཙོ་རིམ་བཟུང་སྟེ་ མི་སེར་དང་ གཞུང་གི་བར་ན་ ཟམ་བཟུམ་ཅིག་སྦེ་ བརྩི་མཐོང་བསྐྱེད་ཐོག་ལས་ ཕྱག་ཞུ་ནི་ཨིན་མི་དེ་གིས་ སེམས་ཤུགས་བྱུང་ཡི་ཟེར་ཨིན་པས།
སྐྱེ་ཚལ་དང་ སྲོག་ཆགས་རིག་པའི་ནང་ མཐོ་རིམ་ཤེས་ཚད་དང་ སྤྱིར་སྟངས་ནགས་ཚལ་གྱི་ མཐོ་རིམ་གོང་མའི་ ཤེས་ཚད་ཡོད་མི་ ཀ་མཱལ་དཱན་ ཅམ་གླིང་གིས་འབད་བ་ཅིན་ ཚོགས་པའི་དོན་ཚན་༧ འབད་མི་ ཁས་བླངས་ཚུ་གི་གྲས་ལས་༡ རྒྱལ་ཁབ་ནང་ དཔལ་འབྱོར་རང་མགོ་རང་འདྲོངས་བཟོ་ནི་དེ་ཨིན་ཟེར་ཨིན་པས།
ཁོ་གི་ཤུལ་ལས་ ཡིག་སྣོད་གནགཔོ་ཅིག་ ལག་པར་བཤད་ཐོག་ལས་ ཚོགས་པའི་ལས་རྟགས་དང་ གཙོ་འཛིན་འཇིགས་མེད་འཕྲིན་ལས་ དེ་ལས་ འགོ་ཐོག་བཙག་འཐུ་གལ་ཆེ་བའི་སྐོར་ ནོར་བུ་སྒང་(ཅེང་མ་རི) རྒེད་འོག་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་གསརཔ་ སྐྱེས་ལོ་༤༧ ལང་མི་ རི་བི་ཀ་ གུ་རུང་གིས་ གསལ་བཤད་འབད་ཡོདཔ་ད་ རི་བི་ཀ་དེ་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་ པར་ལཱཌ་གུ་རུང་གི་ཚབ་ལུ་ འདེམས་ངོ་སྦེ་ འབྲེལ་གཏོགས་འབདཝ་ཨིན་པས།
ང་བཅས་ཀྱི་ ཚོགས་པ་གིས་ འདྲ་མཉམ་བཟོ་ནི་དང་ གྲོགས་རམ་བྱིན་མི་ རྒྱལ་ཁབ་ཚུ་ལུ་ མ་བརྟེན་པར་ རང་མགོ་རང་འདྲོངས་བཟོ་ནི་ལུ་ ཆ་བཞགཔ་ཨིན་ཟེར་ བཟོ་རིག་བགྲེསཔ་དང་ འབྲུག་གི་བཟོ་རིགཔ་དང་པ་ཨིན་མི་ རི་བི་ཀ་གིས་ བཤད་པའི་ཁར་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ནང་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་དང་ འཁོར་ལམ་དང་ ཞིང་ལམ་ ཟུར་ལམ་ཚུ་ ལེགས་བཅོས་དང་ གསརཔ་སེལ་ནིའི་ འཆར་གཞི་ཚུལ་ལྡན་སྦེ་ ཚུད་ཡོདཔ་བཞིན་དུ་ འདི་བཟུམ་མའི་ གོང་འཕེལ་ཚུ་ མཐོང་གསལ་བྱུང་དགོ་པ་ཅིན་ ང་བཅས་ལུ་ མི་སེར་གྱི་ རྒྱབ་སྐྱོར་དང་ ཚོགས་རྒྱན་དགོ་ཟེར་ བཤདཔ་ཨིན་པས།
མཇུག་ར་ འདེམས་ངོ་གཞན་ཚུ་དང་ཕྱདཔ་ད་ བློ་བདེ་ཏོག་ཏོ་མཚམས་དང་ རྫོང་ཁ་ཡང་ ལེགས་ཤོམ་སྦེ་ སླབ་ཚུགས་མི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ དི་ན་ ནཱཐ་དུང་རྒྱལ་གྱིས་ སྲིད་ཚོགས་ཚུ་གི་དོན་ལུ་ སྤྱིར་བཏང་གྲོས་འཛོམས་གལ་ཆེ་བའི་སྐོར་ གསལ་བཤད་ལས་འགོ་བཙུགས་ ཚོགས་པ་གིས་ ས་གནས་གཞུང་ཡར་དྲག་དང་ ཁོང་གི་ཐོབ་ལམ་ཚུ་ ལེགས་ཤོམ་བཟོ་ནི་ དེ་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་སྒྲིང་སྒྲིང་བཟོ་ནི་གི་ དམིགས་ཡུལ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་ནང་ རྡོ་རོ་ཁ་-རྟ་སྡིང་འདེམས་ཁོངས་ལས་ འཐུས་མི་བགྲེསཔ་ ཋ་ཀུར་སིང་པའུ་ཌེལ་ལུ་ རྒྱལ་ཁ་ཤོར་མི་ དི་ན་ ནཱཐ་དུང་རྒྱལ་གྱིས་ ཚོང་འབྲེལ་གནད་དོན་ཐོག་ སྤྱི་ལོ་༢༠༠༩ ལུ་ བསམ་རྩེ་རྒེད་འོག་ནང་ ཁོ་རའི་ མི་རྩིས་སྤོ་སོར་འབད་མི་དང་བསྟུན་ ད་ལྟོ་ ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབདཝ་ཨིན་པས།
ཤེས་རབ་རྩེ་ལས་ ཚོང་རིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ རྒྱ་གར་ལས་ ཚོང་རིག་བདག་སྐྱོང་གི་ མཐོ་རིམ་གོང་མའི་ ཤེས་ཚད་ཡོད་མི་དེ་གིས་ བྷུ་ཊཱན་ཀུན་མཉམ་པར་ཊི་ འགོ་ཐོག་བཙག་འཐུའི་དོན་ལུ་ མཐར་འཁྱོལ་མ་ཚུགས་མི་ལུ་ སེམས་ཕམ་ཡོད་ལུགས་དང་ སྤྱི་ལོ་༢༠༡༨ ལུ་ ཚོགས་པ་དེ་གིས་ དོ་འགྲན་འབད་ནི་གི་ རེ་བ་ཡོད་ཟེར་ སླབ་ཡོདཔ་ཨིན་པས།
སྤྱིར་བཏང་གྲོས་འཛོམས་ཀྱི་ཤུལ་ལས་ མི་སེར་ཚུ་གིས་ བསམ་འཆར་འདྲ་མ་འདྲཝ་ བཤད་མི་དེ་ཡང་ ལ་ལུ་ཅིག་གིས་འབད་བ་ཅིན་ བཙག་འཐུའི་ནང་ སྲིད་ཚོགས་ཀྱི་ གཙོ་འཛིན་གྱིས་སྦེ་ ཁྱད་པར་བཟོཝ་ཨིན་རུང་ ལ་ལུ་གིས་ འདེམས་ངོ་དང་ ཁོང་གི་ བློ་སྟོབས་དང་འཁྲིལ་འགྱོ་འོང་ཟེར་ སླབ་ཨིན་པས།
ལ་ལུ་གིས་འབད་བ་ཅིན་ ཉམས་མྱོང་ཚུ་ལས་དཔྱད་རུང་ རྙིངམ་ཚུ་ར་ དྲག་འོང་ཟེར་ཨིནམ་ད་ ལ་ལུ་ཅིག་གིས་ སླབ་མིའི་ནང་ སྲིད་ཚོགས་གསརཔ་ལུ་ གོ་སྐབས་བྱིན་དགོ་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment