གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ངོ་༣༠༠ ལྷགཔ་ཅིག་ལང་མི་དགོན་པ་ ཉམས་གསོ་ཞུ་ཡོདཔ།

ཉམས་གསོ་ཞུ་བའི་བསྒང་ཡོད་མི་ ལུང་ནག་ནང་གི་ འཚོ་གཞོང་རྫོང་།
༠༣/༠༥/༢༠༡༣  ༉ ལོ་༣༠༠ ལྷགཔ་ཅིག་ལང་མི་ ལུང་ནག་ནང་གི་ འཚོ་གཞོང་རྫོང་ཉམས་གསོའི་ལཱ་དེ་ དུས་ཅིའི་ལོ་ རྫོགས་ཁམས་ཅིག་ལས་ མཇུག་བསྡུ་ནི་ཨིནམ་ད་ འཚོ་གཞོང་རྫོང་དེ་ མཐའ་ཟུར་གྱི་ས་གནས་ནང་ཡོདཔ་ལས་བརྟེན་ ཉམས་ཆག་ཤོར་ཏེ་ ཧྲམ་འགྱོ་ནིའི་གནས་སྟངས་གུ་ ལྷོད་ནི་དེ་གིས་ ཉམས་གསོ་ཞུ་ཡོདཔ་ཨིན་པས།


མགར་ས་རྫོང་ཁག་ལས་ ནུབ་ཁ་ཐུག་ལུ་ཡོད་པའི་ འཚོ་གཞོང་རྫོང་གི་ ཐོག་ཆ་དང་ ཀ་ཆེན་ སྒོ་སྒྲིག་ དེ་ལས་ ཤིང་ཆས་ཀྱི་རིགས་ཚུ་ རྙིངམ་ཐལ་ནི་དེ་གིས་ རུལ་བའི་ཁར་ རྡོ་གཅལ་དང་ འགྱམ་ཚུ་ནང་རྩྭ་སྐྱེས་ཏེ་ གྱང་འཁོགས་ཐལ་ནིའི་ཉེན་ཁ་ཡོདཔ་ལས་ སྤྱི་ལོ་༢༠༡༠ ལས་ ཉམས་གསོའི་ལཱ་ འགོ་བཙུགས་ཅི་ཟེར་ མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་ སླབ་ཨིན་པས།
རྫོང་བདག་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ གནས་སྟངས་ལུ་ལྷོད་མི་དེ་ ལྷ་ཁང་གི་ཐོག་ཆ་ ཨེན་ཏ་ཨིན་མི་དེ་ གནམ་བྱཱར་གྱི་ཆརཔ་དང་ དགུན་གྱི་ཁཝ་གིས་ མེདཔ་བཏང་ནུག་ཟེར་ཨིནམ་ད་ ད་རེས་ ཐོག་ཆ་དེ་ ལྕགས་ཤོག་བཀབ་ཡོདཔ་ཨིན་པས།
འཚོ་གཞོང་གི་དབུ་རྩེ་ཐོག་ཚད་༤ འབད་མིའི་ ཤིང་ཆས་ག་ར་ གསརཔ་བཙུགས་རུང་ བཟོ་བཀོད་དེ་ སྔར་ག་ཨིནམ་སྦེ་ བཞག་དགོ་མི་དེ་ རང་ལུགས་ཀྱི་བཟོ་བཀོད་དེ་ ཉམས་སྲུང་འབད་ནིའི་དོན་ལུ་ཨིན་ཟེར་ རྫོང་བདག་གིས་ སླབ་ཡོདཔ་ད་ དེ་བཟུམ་སྦེ་ དབུ་རྩེའི་མཐའ་འཁོར་ལུ་ཡོད་མི་ གྲྭ་ཤག་གི་ཤིང་ཆས་ཡང་ གསརཔ་བཙུགས་པའི་ཁར་ རྡོ་གཅལ་ཚུ་ཡང་སྒྲིང་སྒྲིང་བཟོ་ཡོདཔ་ཨིན་པས།
ལྷ་ཁང་ཉམས་གསོའི་ལཱ་དེ་ དངུལ་ཀྲམ་ས་ཡ་༣ གྱི་ཐོག་ལས་འབད་ཡོདཔ་ད་ ལཱ་གི་གྲུབ་འབྲས་ ལེགས་ཤོམ་འོང་ནིའི་དོན་ལུ་ ལཱ་དེ་ ལུང་ནག་ནང་རྒེད་འོག་གིས་ འགོ་འདྲེན་ཐོག་ལས་ གཡུས་མི་ཁོང་རང་གིས་ ཉིན་བསྟར་གྱི་ གླ་ཆ་ཐོག་འབད་ཡི་ཟེར་ རྫོང་བདག་བསོད་ནམས་རྡོ་རྗེ་གིས་ སླབ་ཨིན་པས།
འཚོ་གཞོང་རྫོང་དེ་ ལུང་ནག་ནང་གཡུས་ཚན་གྱི་ ལྟག་ལུ་ཡོདཔ་ད་ ལྷ་ཁང་དེ་ནང་ གཡུས་ཚན་གྱི་མི་ཚུ་གིས་ ཡར་ངོ་མར་ངོ་དང་ ཚེས་བཅུ་བཟུང་ས་ ངོ་མ་ཅིག་ཨིནམ་ད་ ད་རེས་ ལྷ་ཁང་དེ་ ལེགས་ཤོམ་སྦེ་ ཉམས་གསོ་ཞུ་ཚུགས་ནི་དེ་གིས་ ཆོས་འབྲེལ་གྱི་ཞབས་ཏོག་ དེ་ནང་ལས་ ལེགས་ཤོམ་སྦེ་འཐོབ་ཚུགས་ཟེར་ རྫོང་ཁག་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འཚོ་གཞོང་རྫོང་དེ་ སྤྱི་ལོ་༡༦༠༠ དེ་ཅིག་ལུ་ འབྲུག་པ་བཀའ་བརྒྱུད་པའི་བླམ་ བྱམས་མགོན་ངག་དབང་རྒྱལ་མཚན་གྱིས་བཞེངས་པའི་ཤུལ་ལས་ གདན་ས་བཅགས་གནང་ཡོདཔ་ད་ གཡུས་མི་ཚུ་གིས་ སླབ་མིའི་ནང་ དགོན་པ་དེ་ནང་ བླམ་ཐུགས་དམ་གནང་སྟེ་ ལོ་མང་རབས་ཅིག་ བཞུགས་ནུག་ཟེར་ཨིན་པས།
བྱམས་མགོན་ངག་དབང་རྒྱལ་མཚན་དེ་ འབྲུག་པ་བཀའ་བརྒྱུད་པའི་ བླམ་ཚུ་གི་གྲས་ལས་ གཙོ་ཅན་ཅིག་ཨིནམ་ད་ དེ་ཡང་ ཁོ་ར་ སྤྱི་ལོ་༡༦༤༧ ལུ་ དགོན་ཨ་མོ་རི་མོ་ལུ་ འཁྲུངས་པའི་ཤུལ་ལས་ ཞབས་དྲུང་ངག་དབང་རྣམ་རྒྱལ་ སྐུ་དངོས་མཇལ་ཏེ་ དབང་ལུང་ཁྲིད་༣ ཞུ་ནིའི་གོ་སྐབས་ ཐོབ་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༡༧༠༦ ལུ་ བྱམས་མགོན་མཆོག་ རྒྱ་གར་གྱི་ས་གནས་ ལ་དྭགས་ལུ་ འབྲུག་གི་བླ་ཚབ་སྦེ་ བསྐོ་བཞག་གནང་པའི་ཤུལ་ལས་ ལ་དྭགས་ཀྱི་རྒྱལཔོ་ ཉི་མ་རྣམ་རྒྱལ་གྱི་ སྐུ་མདུན་ལུ་ ལོ་༦ བཞུགས་པའི་སྐབས་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་གདན་ས་ཚུ་ བདག་འཛིན་འཐབ་ཡོདཔ་མ་ཚད་ དཔལ་ལྡན་འབྲུག་པའི་རིང་ལུགས་ཡང་ སྤེལ་ཡོདཔ་ཨིན་པས།
དེ་ལས་ ལོ་༦ གི་ཤུལ་ལས་ ལོག་འབྲུག་ལུ་བྱོན་པའི་སྐབས་ བྱམས་མགོན་མཆོག་ སྤ་རོ་གི་ སྤྱི་བླའི་ཕྱག་འགན་བཞེས་ཡོདཔ་ད་ ཁོ་གི་ཡབ་ ངག་དབང་རབ་བརྟན་དེ་ གྲུབ་ཐོབ་གཏེར་ཧྲུང་པའི་བརྒྱུད་པ་ལས་བྱོན་ཡོདཔ་ད་ ཡུམ་དེ་ བྱམས་སྦུ་ཁྲིད་དེ་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་སྲས་ དབང་ཕྱུག་གི་གདུང་བརྒྱུད་ལས་བྱོན་ཡོདཔ་ལས་ གདུང་བརྒྱུད་བཟང་པོ་ལས་འཁྲུངས་ཡོདཔ་ཨིན་པའི་གནས་ཚུལ།

                                                             མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment