གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ཁྲོམ་ནང་སྡོད་མི་ཚུ་ ཆབ་གསང་གི་དྲིམ་གྱིས་ འབད་མ་ཚུགས་པའི་ཉོགས་བཤད།

༠༣/༠༥/༢༠༡༣  ༉ མོང་སྒར་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ད་རམ་ས་ལ་བཟའ་ཁང་གི་ ཉེ་འདབས་ལུ་སྡོད་མི་ ཚོང་པ་དང་ ཁང་གླར་སྡོད་མི་ དེལས་ ཁྱིམ་གྱི་ཇོ་བདག་ཚུ་གིས་ མོང་སྒར་ཁྲོམ་སྡེ་ལས་འཛིན་ལུ་ ཁ་བཏང་མི་དེ་ཡང་ ད་རེས་ནངས་པ་ ད་རམ་ས་ལ་བཟའ་ཁང་གི་ ཆབ་གསང་མཛོད་དེ་ གང་ཡོད་ནི་དེ་གིས་ ཆབ་གསང་ཕྱི་ཁར་ཐོན་མིའི་ དྲིམ་མནམ་ནི་དེ་གིས་ཨིན་པས།
ཆབ་གསང་གི་ དྲི་ངན་གྱིས་གང་མི་ མོང་སྒར་ཁྲོམ།

དེ་ཡང་ ཉེ་འདབས་ལུ་སྡོད་མི་ཚོང་པ་ཚུ་གིས་ སླབ་མིའི་ནང་ ཆབ་གསང་གི་མཛོད་དེ་ ཤོང་ཚད་ལས་བརྒལ་མི་ལུ་བརྟེན་ ཆབ་གསང་ཚུ་ ཕྱི་ཁར་ལས་ཕར་ཐོན་ཡོདཔ་ལས་ རླུང་མ་འཕུ་བའི་སྐབས་ལུ་དང་ ཉིམ་ཤར་བའི་སྐབས་ལུ་ མཐའ་འཁོར་ལས་ཕར་ དྲིམ་གྱིས་འབད་མ་ཚུགསཔ་ལས་ ཁྲོམ་སྡེ་ལས་འཛིན་གྱིས་ གནས་སྐབས་ཅིག་བཏོན་དགོཔ་ ངེས་པར་དུ་ མཐོངམ་མས་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ དེ་བཟུམ་གྱི་དྲིམ་ དུག་ཁག་ཁ་ནང་ སྡོད་དགོཔ་བྱུང་མི་དེ་ཡང་ ཁྲོམ་སྡེ་ལས་འཛིན་གྱིས་ ཁྲོམ་གྱི་གཙང་སྦྲ་ཚུ་ ག་དེ་སྦེ་ཡོད་ག་ ལྟ་རྟོག་མ་འབད་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ ཁྲོམ་སྡེ་ལས་འཛིན་ལུ་ ཆབ་གསང་བཏོན་བཀོག་ནིའི་ སྣུམ་འཁོར་གྱི་ཞབས་ཏོག་ཅིག་ཡང་ མེདཔ་ལས་བརྟེན་ཨིན་ཟེར་ ཚོང་པ་ཨམ་སྲུ་ཅིག་གིས་ སླབ་ཨིན་པས།
དེ་བཟུམ་གྱི་དཀའ་ངལ་ལུ་བརྟེན་ གནམ་བྱཱར་གྱི་དུས་ཚོད་ལུ་ ནད་གཞི་མ་འདྲཝ་ཚུ་ འཐོབ་ནིའི་ཉེན་ཁ་ཡོད་མི་དེ་ཡང་ ཆབ་གསང་གི་དྲི་ངན་ལུ་བརྟེན་ སྦྱངམ་ཚུ་ཁྱིམ་ནང་འོང་ནི་ཡོདཔ་ལས་ མི་མང་གི་ གསོ་བའི་འཕྲོ་བསྟེན་ལུ་ཡང་ གནོད་ཉེན་ཡོདཔ་ལས་ འགོ་དཔོན་ཚུ་གིས་ ཐབས་ཤེས་ཅིག་བཏོན་གནང་པ་ཅིན་ དགའ་ཚོར་ནི་མས་ཟེར་ ཚོང་པ་ཅིག་གིས་ སླབ་ཨིན་པས།
ད་རམ་ས་ལའི་བཟའ་ཁང་ ཁང་གླར་སྤྱོད་མི་ རྟ་མགྲིན་དབང་ཕྱུག་གིས་ ཀུན་གསལ་ལུ་སླབ་མིའི་ནང་ གནས་སྟངས་དེ་ ཉིནམ་གཅིག་བ་ཉིནམ་གཅིག་ སྐྱོ་སུ་སྦེ་ འགྱོཝ་མས་ཟེར་ཨིན་པས།
ད་ལྟོ་ཚུན་ ཁོ་གིས་ ཐབས་ཤེས་ག་ཅི་བཏོན་རུང་ འབད་མ་ཚུགས་ཟེར་ཨིནམ་ད་ ཁོ་གིས་འབད་རུང་ གནད་དོན་དེ་གི་སྐོར་ལས་ ཁྲོམ་སྡེ་ལས་འཛིན་ལུ་ ཐབས་ཤེས་ཀྱི་དོན་ལུ་ ན་ཧིང་ལས་ ཡི་གུ་ཚར་༢ བཙུགས་ཅི་ཟེར་ཨིནམ་ད་ ཨིན་རུང་ ཁྲོམ་སྡེ་ལས་འཛིན་གྱི་ཁ་ཐུག་ལས་ ལན་གསལ་ཅིག་ ག་ནི་ཡང་ཐོབ་མ་ཚུགསཔ་ལས་ དཀའ་ངལ་ནང་ར་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རམ་ས་ལ་བཟའ་ཁང་དེ་ ཁྲོམ་གྱི་སྦུག་ལུ་ཨིནམ་ལས་ མི་མང་ལུ་ གནོད་པ་སྦོམ་འོང་ནི་བཟུམ་ཡོད་མི་དེ་ཡང་ དྲི་ངན་དེ་གིས་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཁྱབ་དོ་ཡོདཔ་ལས་བརྟེན་ཨིན་ཟེར་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱིས་འབད་རུང་ དེ་བཟུམ་གྱི་གནས་སྟངས་དེ་ མི་མང་ལུ་ ཕན་ཐབས་ཀྱི་དོན་ལས་གཟིགས་དེ་ ཐབས་ཤེས་གང་དྲག་བཏོན་དགོཔ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མ་གཞི་ བཟའ་ཁང་ནང་ ཉལ་ཁང་༨ དེ་ཅིག་ཡོད་རུང་ ཆ་མཉམ་ནང་ མི་སྡོད་མ་ཚུགས་མི་དེ་ཡང་ མི་ཚུ་སྡོད་པའི་བསྒང་ལས་ ཆབ་གསང་ནང་ ཆུ་བླུགས་ནི་དེ་གིས་ ཧེང་སྐལ་ར་ སྟབས་མ་བདེཝ་ཐོན་དོ་ཡོདཔ་ལས་ ཉལ་ཁང་ཚུ་ནང་ རེ་གཉིས་མ་གཏོགས་ བཞག་མི་ཚུགས་པས་ཟེར་ཨིནམ་ད་ ཟླ་རིམ་ཁང་གླ་ དངུལ་ཀྲམ་༡༥,༢༥༠ འབད་མི་དེ་ཡང་ འཐོན་ཚུགས་པར་  ལཱ་ཁག་བཏངམ་མས་ཟེར་ཨིན་པས།
ཁོ་གིས་ དཀའ་ངལ་སེལ་ཐབས་ལུ་ ཐབས་ཤེས་ག་དེམ་ཅིག་བཏོན་རུང་ གནས་སྐབས་མ་ཐོབ་མི་དེ་ཡང་ གཞུང་གིས་བཟོ་མི་ ཆབ་གསང་བཀང་ནིའི་ མཛོད་ཁང་གང་ཡོདཔ་ལས་ ཐབས་ཤེས་དེ་ར་ ཆབ་གསང་བཏོན་བཀོ་ནི་ལས་བརྒལ་མིན་འདུག་ཟེར་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱིས་ ཆབ་གསང་བཏོན་བཀོ་མི་ སྣུམ་འཁོར་ཅིག་ བདེ་སྒྲིག་འབད་ཚུགས་པ་ཅིན་ དཀའ་ངལ་བསལ་ཚུགས་ནི་མས་ཟེར་ཨིནམ་ད་ ཁོ་གིས་འབད་རུང་ དེ་བཟུམ་གྱི་ སྣུམ་འཁོར་གྱི་ཞབས་ཏོག་ཅིག་ཡོད་པ་ཅིན་ ཆབ་གསང་བཏོན་བཀོ་ནི་ལུ་ ཟད་འགྲོ་ག་དེམ་ཅིག་གནས་རུང་ རྒྱབ་སྐྱོར་ཡོད་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཁྲོམ་སྡེ་ལས་འཛིན་གྱི་ བཟོ་རིག་འགོ་དཔོན་ ཚེ་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ དེ་བཟུམ་གྱི་དཀའ་ངལ་དེ་ གླ་ཁར་ལེན་མི་ ཇོ་བདག་ཁོང་ར་གིས་ བསལ་དགོ་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ སྟབས་མ་བདེཝ་ཐོན་མི་དེ་ཡང་ ད་རམ་ས་ལ་བཟའ་ཁང་གི་ ཆབ་གསང་མཛོད་དེ་ འཁོར་ལམ་གྱི་འོག་ལུ་དང་ སྣུམ་འཁོར་ལམ་དེ་ ལྟག་ལས་ཕར་ཡོདཔ་ལས་ ཆབ་གསང་བཏོན་བཀོ་ནིའི་ སྣུམ་འཁོར་ལག་ལེན་འཐབ་ནི་ལུ་ སྟབས་མི་བདེ་བས་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ སླབ་མིའི་ནང་ མ་གཞི་ ཁྲོམ་སྡེ་ལས་འཛིན་ནང་ ཆབ་གསང་བཏོན་བཀོ་ནིའི་ སྣུམ་འཁོར་ཅིག་ཡོད་རུང་ སྣུམ་འཁོར་དེ་གིས་ ཆབ་གསང་ཚུ་ ཁ་དམའ་ས་ལས་ ཁ་ཡར་བཏོན་མི་བཏུབ་དོ་ཡོདཔ་ལས་ སྟབས་མ་བདེཝ་ཡོད་ཟེར་ཨིན་པས།
ཨིན་རུང་ མོང་སྒར་ཁྲོམ་ནང་ སྡོད་མི་ཚུ་གིས་ སླབ་མིའི་ནང་ མོང་སྒར་ཁྲོམ་དེ་ ཤར་ཕྱོགས་རྫོང་ཁག་ཚུ་གི་ ཚོང་འབྲེལ་ལྟེ་བ་ཅིག་ཨིནམ་ལས་ སྒྲིང་ཁྱིམ་ལེ་ཤ་ཡོད་ཟེར་ཨིནམ་ད་ མ་འོངས་པ་ལུ་ དེ་བཟུམ་གྱི་སྟབས་མ་བདེཝ་ མི་འཐོན་ནིའི་དོན་ལུ་ གཞུང་ལས་ ཆབ་གསང་བཏོན་བཀོ་ནིའི་སྣུམ་འཁོར་ཅིག་ གནང་དགོཔ་འདུག་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ སྟབས་མ་བདེ་བའི་གནད་དོན་ག་ཅི་ཞུ་རུང་ ཁྲོམ་སྡེ་ལས་འཛིན་ནང་ ཕྱག་ལཱ་གནང་མི་ཚུ་གིས་ ཉན་མ་བཏུབ་མ་ལུ་བརྟེན་ ཁྲོམ་ཁར་ བྱ་སྟབས་མ་བདེཝ་ཐོན་དགོ་མི་ཅིག་ གནད་དོན་དེ་ལུ་བརྟེན་ཨིན་ཟེར་ ཨིན་པའི་གནས་ཚུལ།

                                                             མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment