གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༡/༤/༢༠༡༣   ཞི་གཡོགཔ་དགོངས་ཞུ་མ་འབད་བར་ སྲིད་ཚོགས་ནང་ འཛུལ་ཆོགཔ་ཨིན་ན?
༉ འདས་པའི་རེས་གཟའ་མིག་དམར་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་ཚོགས་ཚུ་ལས་འབྱོར་མི་ དོ་འགྲན་ཁས་ལེན་ཡི་གུ་ཚུ་ལུ་ གཞི་བཞག་སྟེ་ སྲིད་དོན་ཚོགས་པ་༤ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་ཆོག་པའི་ ངོས་ལེན་གྲུབ་མི་དང་བསྟུན་ ད་ལྟོ་ སྲིད་ཚོགས་ཚུ་གི་ རྩོད་བསྡུར་དང་ བསྐུལ་བསྒྲགས་ཚུ་ ཤུགས་ལང་པའི་བསྒང་ཡོདཔ་ཨིན།



དེ་མ་ཚད་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་སྒྲིག་གཞི་དང་འཁྲིལ་ སྲིད་ཚོགས་གང་རུང་གིས་ འདེམས་ཁོངས་༤༧ གྱི་འདེམས་ངོ་༤༧ དགོཔ་ཨིན་རུང་ སྲིད་ཚོགས་༥ ཡོད་མི་ལས་༡ ལུ་ མགར་སའི་འདེམས་ཁོངས་༢ ལས་ འདེམས་ངོ་ཏན་ཏན་མེད་མི་ལུ་བརྟེན་ སྲིད་ཚོགས་ཅིག་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་ནི་ལས་ ཆ་མེད་བཏང་ནུག།
འདི་འབདཝ་ད་ ད་རེས་ནངས་པ་ སྲིད་ཚོགས་༤ གིས་ བསྐུལ་བསྒྲགས་འབད་ནི་ འགོ་བཙུགས་ཡོད་རུང་ བརྡ་བརྒྱུད་ནང་ འདེམས་ངོ་ཚུ་ ངོ་སྤྲོད་འབད་མི་ལུ་ལྟཝ་ད་ སྲིད་ཚོགས་ལ་ལུ་ཅིག་ལུ་ འདེམས་ངོ་༤༧ ཆ་མཉམ་ ཚང་ཚངམ་མེདཔ་བཟུམ་མཐོང་སྣང་བྱུངམ་མ་ཚད་ འདེམས་ངོ་༣ དང་༤ དེ་ཅིག་ ཞི་གཡོག་ནང་ལས་ དགོངས་ཞུ་མ་འབད་བར་ཡོད་པའི་ ལོ་རྒྱུས་ཚུ་གོཝ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁས་ལེན་ཡི་གུ་བཙུགས་པའི་སྐབས་ལུ་ ཚུལ་ལྡན་སྦེ་ ནན་ཞིབ་མ་འབདཝ་ཨིན་ན་ཟེར་ མི་མང་གིས་ དྲི་བཀོད་འབདཝ་མས།
ལ་ལུ་གིས་ བསམ་འཆར་བཀོད་མིའི་ནང་ སྲིད་ཚོགས་ལ་ལུ་ཅིག་ལུ་ འདེམས་ངོ་ཚངམ་སྦེ་མེད་རུང་ འགོ་ཐོག་བཙག་འཐུའི་དོན་ལུ་ དོ་འགྲན་འབད་ནི་གི་ མཐར་འཁྱོལ་བྱུང་ཡོད་རུང་ བྷུ་ཏཱན་ཀུན་མཉམ་པར་ཊི་གི་ ཐད་ལུ་ལྷོདཔ་ད་ འདེམས་ངོ་༢ མ་ཚང་རུང་ ཁྲིམས་ཡིག་དང་འཁྲིལ་ ཆ་མེད་བཏང་མི་དེ་ རྣམ་དག་དང་ དྲང་བདེན་ཅིག་ མ་འགྱོཝ་བཟུམ་མཐོངམ་མས་ཟེར་ཨིན་པས།
ཁ་ཉེས་བཀལ་མི་ཚུ་ ངེས་བདེན་ཨིན་པ་ཅིན་ སྲིད་ཚོགས་ལ་ལུ་གིས་ བཙག་འཐུ་ལྷན་ཚོགས་ལུ་ མགུ་སྐོར་རྐྱབ་ཡོདཔ་འོང་ནི་མས་ཟེར་ ལྟ་རྟོག་པ་ཚུ་གིས་ སླབ་ཨིན་མས།
ད་ལྟོ་ སྲིད་དོན་ཚོགས་པ་ཅིག་གི་ འདེམས་ངོ་ཅིག་ ཞི་གཡོག་ནང་ལས་ དགོངས་ཞུ་མ་འབད་བར་ སྲིད་དོན་ནང་ འཛུལ་ཡོད་མི་ལུ་བརྟེན་ ལྷན་ཁག་ཅིག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ཉོགས་བཤད་བཀོད་ཡོད་མི་དེ་ཡང་ རྩ་ཁྲིམས་ཆེན་མོ་དང་ ཞི་གཡོག་གི་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་དང་འཁྲིལ་བ་ཅིན་ ཞི་གཡོགཔ་དེ་ སྲིད་དང་འབྲེལ་བ་མེདཔ་ སྡོད་དགོ་པའི་ཁར་ ད་རིས་བཟུམ་མའི་ གནས་སྟངས་བྱུང་པ་ཅིན་ ཞི་གཡོགཔ་དེ་ དགོངས་ཞུའི་ཐོབ་ལམ་ག་ནི་ཡང་མེད་པར་ ཞི་གཡོག་ནང་ལས་ རྩ་གྲོལ་གཏང་ནི་གི་ འོས་འབབ་དང་ གལ་སྲིད་ རྩ་གྲོལ་བཏང་པ་ཅིན་ མི་ངོ་དེ་ སྲིད་ཚོགས་ནང་ཡང་ འཛུལ་མི་ཆོག་ནི་ཨིན་མས།
འདི་འབདཝ་ད་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྲིད་ཚོགས་ཚུ་གིས་ འགོ་ཐོག་བཙག་འཐུའི་དོན་ལུ་ དོ་འགྲན་ཁས་ལེན་ཡི་གུ་བཙུགསཔ་ད་ ལྷན་ཚོགས་ཀྱི་ འགན་ཁུར་ངོ་མ་ར་ མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་ཨང་དང་ མཐོ་རིམ་ཤེས་ཚད་ལག་ཁྱེར་གུ་ རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ ངོ་སྦྱོར་འབད་མ་འབད་ ལྟ་ཞིབ་འབད་ནི་མ་གཏོགས་ འདེམས་ངོ་ཚུ་ ཞི་གཡོགཔ་ཨིན་ན་དང་ ཨིན་པ་ཅིན་ དགོངས་ཞུ་འབད་མ་འབད་ ཁྲིམས་འགལ་གྱི་གནས་ཐོ་ཡོད་མེད་ སེམས་ཁམས་བརྟན་ཏོག་ཏོ་ཡོད་མེད་ བརྟག་ཞིབ་འབད་ཆོག་པའི་ ཁྲིམས་ཡིག་ཁ་གསལ་ཅིག་མིན་འདུག་ཟེར་ཨིན་མས།
འདི་བཟུམ་མའི་ ཁ་ཉེས་བཀལ་མི་ཚུ་ གཙོ་བོ་ར་ འབྲེལ་ཡོད་ཁྲིམས་ཡིག་ཚུ་ནང་ བཙག་འཐུ་ལྷན་ཚོགས་ཀྱིས་ ནན་ཞིབ་འབད་ཆོག་པའི་ དབང་ཚད་མེད་མི་ལུ་བརྟེན་ འོང་ནི་མས་ཟེར་ སླབ་ཨིན་མས།
གོང་ལུ་གསལ་བཀོད་འབད་དོ་བཟུམ་ གལ་སྲིད་ སྲིད་ཚོགས་ཚུ་ལུ་ འདེམས་ངོ་ཚངམ་སྦེ་མེད་པ་ཅིན་ ད་རིས་བཟུམ་ བསྐུལ་བསྒྲགས་ཤུགས་ལང་པའི་ ནམ་དུས་ལུ་ སྲིད་ཚོགས་ཆ་མེད་གཏང་ནི་གི་ འོས་འབབ་ཡོདཔ་ཨིན་ན?
ང་བཅས་ཀྱི་ བཅའ་ཁྲིམས་དང་ བཅའ་ཡིག་ སྒྲིག་གཞི་ཚུ་ དྭངས་གསལ་མེད་པའི་ཁར་ ནོར་སྐྱོན་ཚུ་ཡོད་པ་ཅིན་ འཕྲི་སྣོན་འབད་དེ་ མ་འོངས་པ་ལུ་ འདི་བཟུམ་མའི་ དཀའ་ངལ་དང་ རྩོད་རྙོགས་་ཚུ་ མི་འཐོནམ་འོང་ཟེར་ ཞུ་ནི་ཨིན།

No comments:

Post a Comment