གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ཐོག་གེ་ཟ་ལུ་ ནད་འབུབ་ཀྱིས་ གནོད་སྐྱོན་བྱུང་བའི་ཚ་གྱང་།

༡༡/༥/༢༠༡༣   ༉ མོང་སྒར་རྫོང་ཁག་གི་ མི་སེར་སོ་ནམ་པ་ཚུ་ སང་ཕོད་ལས་ཨ་རྟག་བཟུམ་སྦེ་ ཆང་འཐུང་ནིའི་ གོ་སྐབས་མི་འཐོབ་ནི་ཨིན་མི་དེ་ཡང་ རྫོང་ཁག་གི་རྒེད་འོག་ མང་ཤོས་ཅིག་ནང་ དུས་ཅི་ ལོ་ཐོག་གེ་ཟ་ཚུ་ འབུབ་ཀྱིས་མེདཔ་བཏང་མི་ལུ་བརྟེན་ སོ་ནམ་པ་ཚུ་གི་སེམས་ཁར་ ཚ་གྱང་སྦོམ་ལང་སྟེ་ ཡོདཔ་ཨིན་པས།
ཨར་མི་ཝཱམ་ཟེར་མི་འབུབ་ཚུ་གིས་ གེ་ཟའི་འདབ་མ་བཟའ་བའི་བསྒང་།


དེ་ཡང་ ས་གླིང་དང་ འབྲས་སྤུངས་ མོང་སྒར་ ཙ་ཀ་གླིང་ དེ་ལས་ ཆ་གླིང་རྒེད་འོག་ཚུ་ནང་ འབུབ་ཀྱིས་ ལོ་ཐོག་གེ་ཟ་ལུ་ གནོདཔ་བཀལ་དོ་ཡོདཔ་ལས་ སོ་ནམ་པ་ཚུ་ ག་ཅི་འབད་ནི་ཨིན་ན་ཡང་མ་ཤེས་པར་ དབུགས་འགམ་པའི་ཁར་ ལ་ལུ་ཅིག་གིས་ སྨན་ལག་ལེན་འཐབ་པ་ཅིན་ སྡིག་པ་སྦོམ་བསག་ནི་མས་ཟེར་ གེ་ཟ་ལོག་བཏབ་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ ག་ནི་ཡང་མ་འབད་བར་ བཞག་ཡོདཔ་ཨིན་པས།
འབུབ་དེ་གིས་ གེ་ཟ་ཤིང་ཚུ་མེདཔ་བཏང་སྟེ་ སྦོམ་འགྱོ་མ་བཅུགཔ་ལས་ སོ་ནམ་ལས་རོགསཔ་ཚུ་གིས་ སླབ་མིའི་ནང་ ཨར་མི་ཝཱམ་ཟེར་མི་ འབུབ་དེ་གིས་ གལ་སྲིད་གཅིག་གིས་ གནོད་པ་བཀལ་ནི་འགོ་བཙུགས་པ་ཅིན་ འབུབ་ཆ་མཉམ་གྱིས་ གནོདཔ་བཀལཝ་ ཨིན་ཟེར་ཨིནམ་ད་ འབུབ་དེ་དར་ཁྱབ་མི་འགྱོ་ནིའི་དོན་ལུ་ རྫོང་ཁག་སོ་ནམ་གྱི་ཁ་ཐུག་ལས་ སྨན་ཆུ་བྱིན་ཏེ་ཡོད་ཟེར་ཨིན་པས།
ས་གླིང་རྒེད་འོག་ ཀ་ལ་སྤང་གཡུས་ཚན་ལས་ སྐྱེས་ལོ་༣༤ ལང་མི་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ ཁོ་གིས་ ནང་མི་བཟའ་ཚང་ འཚོ་སྐྱོང་འཐབ་ནི་ལུ་ ལོ་བསྟར་བཞིན་དུ་  ས་ཆ་ཨེ་ཀར་ཕྱེད་དང་༤ དེ་ཅི་ནང་ གེ་ཟ་འཛུགས་སྐྱོང་འབད་དོ་ཡོདཔ་ལས་ དུས་ཅི་ འབུབ་ཀྱིས་གནོདཔ་སྦོམ་བཀལ་མི་ལུ་བརྟེན་ ཨ་རྟག་བཟུམ་ཅིག་ ཐོན་སྐྱེད་མི་འོང་ནི་མས་ཟེར་ཨིན་པས།
དུས་ཅི་ གེ་ཟ་ཚུ་འབབ་ཀྱིས་གནོད་པ་བཀལ་དོ་ཡོདཔ་ལས་ མི་སེར་ཚུ་ལུ་ ཚ་གྱང་སྦོམ་ཕོག་མི་དེ་ཡང་ བཟའ་འཐུང་གི་དཀལ་ངལ་འཐོན་ནིའི་ ཉེན་ཁ་ཡོདཔ་ལས་ ནང་མི་འཚོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་སྦོམ་འབྱུང་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མ་གཞི་གཡུས་ཚན་དེ་ཡང་ གེ་ཟ་ཚར་༢ རེ་ བཏབ་དོ་ཡོདཔ་ཨིན་རུང་ དུས་ཅི་ཚར་༡ ལས་བརྒལ་བཏབ་མི་ཚུགས་ནི་ཨིན་མི་དེ་ཡང་ འགོ་ཐོག་འཛུགས་སྐྱོང་འཐབ་མི་ཚུ་ མེདཔ་བཏང་ཡོདཔ་ལས་ མི་སེར་ཚུ་གིས་ ད་རེས་ནངས་པ་ ལོག་གེ་ཟ་བཏབ་ནི་ འགོ་བཙུགས་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཀ་ལ་སྤང་གཡུས་ཚན་གྱི་ སོ་ནམ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ ཁོང་རའི་སོ་ནམ་རྒྱ་བསྐྱེད་ འགོ་དཔོན་ལུ་ སྙན་ཞུ་འབད་ཡོདཔ་ལས་ འབུབ་སྨན་དང་ གེ་ཟའི་སོན་ཚུ་བྱིན་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ འབུབ་སྨན་སྟོར་བ་ཅིན་ སྡིག་པ་སྦོམ་བསག་ནི་ཨིནམ་ལས་ སྨན་ལག་ལེན་མ་འཐབ་པར་ གེ་ཟ་ལོག་བཏབ་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།
འདི་བཟུམ་གྱི་དཀའ་ངལ་དེ་ ཆ་གླིང་རྒེད་འོག་ནང་ཡང་ བྱུང་དོ་ཡོདཔ་ལས་ མི་སེར་ཚུ་གིས་ ཨ་རྟག་འབད་བ་ཅིན་ ཟ་སྤྱོད་འཐབ་ནི་གིས་མ་ཚད་ གེ་ཟའི་སྲིབ་བརྡུང་སྟེ་ དངུལ་གྱི་འོང་འབབ་ སྦོམ་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ དུས་ཅི་ དབུག་འགམ་བྱུང་བའི་ གཞི་ཅིག་ཨིན་མས་ཟེར་ཨིན་པས།
མོང་སྒར་རྒེད་འོག་གི་ ཧུ་རུང་སྤམ་གཡུས་ཚན་ལས་ སྐྱེས་ལོ་༣༠ ལང་མི་ རྡོ་རྗེ་གིས་ སླབ་མིའི་ནང་ མོ་གིས་ ལོ་བསྟར་བཞིན་དུ་ ཨེ་ཀར་༤ དེ་ཅིག་ནང་ གེ་ཟ་བཏབ་མི་དེ་གིས་ འཚོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་མེདཔ་མ་ཚད་ དངུལ་གྱི་འོང་འབབ་ཡང་ དངུལ་ཀྲམ་༥༠,༠༠༠ དེ་རེ་ བཟོ་ཚུགསཔ་ཨིན་རུང་ དུས་ཅི་ བློ་ཕམ་སུ་སྦེ་ཡོད་ཟེར་ཨིན་པས།
མོང་སྒར་རྒེད་འོག་གི་ སོ་ནམ་རྒྱ་བསྐྱེད་འགོ་དཔོན་ ཨྱོན་ཚེ་རིང་གིས་ སླབ་མིའི་ནང་ འབུབ་ཀྱིས་གནོདཔ་བཀལ་མི་ མི་སེར་ཚུ་ལུ་ འབུབ་སྨན་སྤྲོད་དེ་ཡོད་ཟེར་ཨིནམ་ལས་ སྨན་དེ་གིས་ འབུབ་དེ་དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་འབད་ཚུགས་ཟེར་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་གྱིས་ སླབ་མིའི་ནང་ མི་སེར་ཚུ་ འཚོ་བ་རང་མགོ་རང་འདྲོངས་བཟོ་ནི་དེ་ ཁོང་རའི་འགན་ཁུར་ཨིནམ་ལས་ ད་ཚུན་ འབུབ་ཀྱིས་གནོདཔ་བཀལ་མི་ཚུ་ལུ་ སྨན་བགོ་བཀྲམ་འབད་ཡོདཔ་མ་ཚད་ ག་ཟའི་སོན་ཡང་བྱིན་ཡི་ཟེར་ཨིནམ་ད་ རྫོང་ཁག་གི་ཁ་ཐུག་ལས་ ག་དེ་དྲག་དྲག་ ཆ་རོགས་འབད་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།
རྫོང་ཁག་དེ་ནང་གི་ སོ་ནམ་པ་ཚུ་གིས་ གེ་ཟ་བཏབ་ནིའི་དུས་ཚོད་དེ་ སྤྱི་ཟླ་༣ པ་དེ་ཅིག་ལས་འགོ་བཙུགས་མི་དེ་ སྤྱི་ཟླ་༦ པ་དང་༧ པའི་ནང་ བསྡུ་གསོག་འབད་དོ་ཡོདཔ་ད་ ས་ཆའི་ཆགས་རབས་དང་བསྟུན་ གཡུས་ཚན་ལ་ལུ་ཅིག་ནང་ཚར་༡ བཏབ་ཨིན་རུང་ ལ་ལུ་ཅིག་ནང་ཚར་༢ རེ་ བཏབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment