གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་འཐུས་བཏབ་མ་ཆོག་པའི་ བརྩོན་ཁྲིམས་ལོ་༣ བཀལ་ཡོདཔ།

༡༡/༥/༢༠༡༣   ༉ ན་ཧིང་ ཐིམ་ཕུ་ཁྲིམས་ཀྱི་འདུན་སའི་ ཁྲིམས་ཁྲི་༥ པ་གིས་ སྐྱེས་ལོ་༤༤ ལང་མི་ ཏིར་ཐ་ཀུ་མ་རི་ པར་དཱན་གྱིས་ སྐྱེས་ལོ་༡༠ ལང་མི་ བུམོ་ཅུང་ཅིག་ལུ་ བརྡུང་རྫོབ་དང་ འབྲུག་པའི་མི་ཁུངས་མེན་པའི་ བུམོ་ཅིག་ལཱ་བཀོལ་ཏེ་ བཞག་མི་ལུ་བརྟེན་ ཁྲིམས་འཐུས་བཏབ་མ་ཆོགཔ་སྦེ་ བརྩོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།


ཨིན་རུང་ སྤྱི་ཟླ་༥ པའི་ཚེས་༨ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ ཁྲིམས་ཚད་ལོ་༣ བཀལ་མི་དེ་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
ཏིར་ཐ་ཀུ་མ་རི་གི་ ངོ་ཚབ་ཀྱིས་ སླབ་མི་དང་འཁྲིལཝ་ད་ བརྡུང་རྫོབ་འབད་བའི་ གནད་དོན་ལུ་བརྟེན་ ད་ལྟོ་ཚུན་ཚོད་ མི་ག་ལུ་ཡང་ ཁྲིམས་འཐུས་བཏབ་མ་ཆོག་པའི་ཁྲིམས་ བཀལ་བཀལཝ་མེདཔ་ལས་བརྟེན་ ཏིར་ཐ་ཀུ་མ་རི་ཡང་ ཁྲིམས་འཐུས་བཏབ་ཆོག་པས་ཟེར་ཨིན་པས།
ཏིར་ཐ་ཀུ་མ་རི་ པར་དཱན་གྱིས་ ཉམས་རྒུདཔ་བུམོ་ཅུང་དེ་ ན་ཧིང་ སྤྱི་ཟླ་༡ པའི་ནང་ བརྡུང་རྫོབ་འབད་ཡོདཔ་ད་ དེ་ཡང་ མོ་ར་ དེ་ཚེ་ནུབ་མོ་ ཁྱིམ་ནང་ལྷོད་པའི་བསྒང་ལས་ བུམོ་ཅུང་དེ་ ཁྱིམ་ནང་ལཱ་གཡོག་འབད་སྡོད་མི་དེ་གིས་ ཧི་ཏར་གྱི་ གློག་ཐག་དང་ པ་ལག་འཚིགས་བཏང་ཡོདཔ་ ཤེས་ཡོདཔ་ཨིན་པས།
དེ་ལས་ མོ་གིས་ ཐགཔ་གིས་དྲངས་པའི་སྐབས་ བུམོ་ཅུང་དེ་གི་ གདོང་ཁའི་རྨ་དང་ མིག་ཏོ་གཡས་པའི་འོག་ལུ་ རྨ་བཏོན་ཡོདཔ་ཨིན་པས།
མ་གཞི་ ཏིར་ཐ་ཀུ་མ་རི་གིས་འབད་བ་ཅིན་ བུམོ་ཅུང་དེ་ མོ་རའི་ཁྱིམ་ནང་ ལཱ་གཡོག་བཀོལ་ནི་སྦེ་ ཁྱིད་འོངམ་མེན་པར་ མོ་རའི་ ཚབོ་གི་ ཆ་རོགས་སྦེ་བཞག་ནི་དོན་ལུ་ ཁྱིད་འོང་ཡི་ཟེར་ བཤད་ཡོདཔ་ཨིན་པས།
བུམོ་ཅུང་དེ་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་ལས་འབད་ནི་དེ་གིས་ ཁྲིམས་འགལ་གྱི་ཐོག་ལས་ འབྲུག་རྒྱལ་ཁབ་ནང་ བཞག་ཡོད་མི་དེ་གིས་ ཕྱི་མི་ནང་སྐྱོད་ཀྱི་ བཅའ་ཁྲིམས་༢༠༠༧ ཅན་མའི་ དོན་ཚན་༡༢༨ དང་༡༢༩ པའི་དགོངས་དོན་ལས་ འགལ་ཡོདཔ་ལས་བརྟེན་ ཉེས་ཁྲིམས་མཐོ་ཤོས་ལོ་ངོ་༣ སྨིན་དགོཔ་ཨིན་པས།
ཨིན་རུང་ ཏིར་ཐ་ཀུ་མ་རི་ པར་དཱན་གྱིས་ ཟླཝ་༡ དང་ ཞག་གྲངས་༢ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་སྡོད་ནི་དེ་གིས་ མོ་ལུ་ ལོ་༢ དང་ཞག་གྲངས་༡༠ དེ་ལས་ ཞག་གྲངས་༢༨ ལུས་མི་དེ་ ཁྲིམས་འཐུས་བཏབ་ཆོགཔ་སྦེ་ འཁྲུན་ཆོད་བཏོན་གནང་ཡོདཔ་ཨིན་པས།
བུམོ་ཅུང་དེ་ཡང་ ཕྱི་མི་ནང་སྐྱོད་ལས་ཁུངས་དང་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་བསྐྱེད་ལས་སྡེ་ལས་བརྒྱུད་དེ་ ན་ཧིང་ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ རྒྱ་གར་གྱི་ས་གནས་ དཱད་ག་རི་ བུམོ་ཅུང་དེ་གི་ཨའི་ལུ་ རྩིས་སྤྲོད་འབད་ཡི་ཟེར་ འཁོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment