གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བླམ་དཔལ་རི་ལུ་ ཨེ་ཏོག་མེ་ཏོག་གི་ དུས་སྟོན་བརྩི་སྲུང་འབད་ནི།

༤/༥/༢༠༡༣   ༉ བླམ་དཔལ་རི་ལུ་ཡོད་མི་ རྒྱལ་ཡོངས་གླིང་ཁ་གིས་ སྤྱི་ཟླ་༥ པའི་ཚེས་༡༡ ལས་༡༣ ཚུན་ འགོ་དང་པ་ འགོ་འདྲེན་འཐབ་ནི་ཨིན་མི་ ཨེ་ཏོག་མེ་ཏོག་ཟེར་བའི་ བརྗོད་དོན་ཐོག་ལུ་ དུས་སྟོན་བརྩི་སྲུང་འབད་ནི་ཨིན་པས།


རང་བཞིན་སྤྲོ་གསེང་དང་སྐྱེ་ལྡན་ལྟ་བཤལ་ལས་ཁུངས་ཀྱི་ ནགས་ཚལ་འགོ་དཔོན་ སྐལ་བཟང་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ གླིང་ཁ་དེ་ནང་ འགོ་དང་པ་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་དགོ་མི་དེ་ཡང་ གཙོ་བོ་ར་ རང་བཞིན་གནས་སྟངས་ ཉམས་སྲུང་འབད་དེ་ རྒྱ་བསྐྱེད་གཏང་ཐབས་ལུ་ དམིགས་ཏེ་ཨིན་ཟེར་བཤད་ཅི།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ནགས་ཚལ་བརྒྱ་ཆ་༥༠ དེ་ཅིག་ ཉམས་སྲུང་ས་ཁོངས་ནང་ ཚུད་དེ་ཡོདཔ་ལས་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ གླིང་ཁ་གཞན་ དཔེ་འབད་བ་ཅིན་ བུམ་ཐང་ལུ་ཡོད་མི་ དབང་ཕྱུག་བརྒྱ་འཁོར་གླིང་ཁ་གིས་ ལོ་བསྟར་བཞིན་དུ་ ས་ཁ་མཐོ་སར་སྡོད་མི་ འབྱོགཔ་ཚུ་གི་དོན་ལུ་ གཡག་གི་དུས་སྟོན་བརྩི་སྲུང་འབད་དོ་བཟུམ་སྦེ་ བླམ་དཔལ་རི་ལུ་ཡང་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
སྐལ་བཟང་ཚེ་རིང་གིས་ བླམ་དཔལ་རི་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ཨེ་ཏོག་མེ་ཏོག་ཟེར་བའི་ བརྗོད་དོན་བཞག་དགོ་མི་དེ་ རྒྱལ་ཁབ་ནང་ ཨེ་ཏོག་མེ་ཏོག་གི་རིགས་མ་འདྲཝ་༤༦ ཡོད་ས་ལས་༢༩ གླིང་ཁ་དེ་ནང་ ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
དུས་སྟོན་དེ་གི་སྐབས་ལུ་ ཐིམ་ཕུ་རྫོང་ཁག་འོག་གི་ ལྕང་དང་ དར་དཀར་ལ་ དེ་ལས་ ཀ་ཝང་རྒེད་འོག་དང་ སྤུ་ན་ཁ་རྫོང་ཁག་ལས་ སྟོདཔ་རྒེད་འོག་ དེ་ལས་ ཉེ་འདབས་ཀྱི་ སློབ་གྲྭ་གསུམ་གྱིས་ཡང་ ལས་རིམ་ནང་ བཅའ་མར་གཏོགས་ནི་ཨིན་པས།
རྒེད་འོག་བཞི་གི་ མི་སེར་ཚུ་ཡང་ གོ་བ་བརྡ་སྤྲོད་དང་ ལམ་སྲོལ་ དེ་ལས་ སྤྲོ་སྟོན་གྱི་ དབྱེ་བ་ཚུ་གི་ཐོག་ལས་ ལས་རིམ་འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ ཤེས་རིག་སྡེ་ཚན་གྱིས་ རང་བཞིན་དང་འབྲེལ་བའི་ གོ་བརྡ་སྤྲོད་ནི་ཨིན་པས།
དེ་བཟུམ་སྦེ་ ལམ་སྲོལ་སྡེ་ཚན་གྱིས་ འགོ་འདྲེན་ཐོག་ལས་ སྟོདཔ་རྒེད་འོག་གིས་ སྟག་དང་དོམ་གྱི་འཆམ་ཚུ་ཡང་ སྟོན་ནི་ཨིནམ་ད་ རྒེད་འོག་དེ་ཚུ་གིས་ རང་ལུགས་ཀྱི་ བཟའ་འཐུང་གི་རིགས་ཚུ་ཡང་ བཟོ་ནི་ཨིན་པས།
དེ་བཟུམ་སྦེ་ ཉིནམ་གསུམ་གྱི་རིང་ དྲོ་པ་དང་ཕྱི་རུ་ ཨ་རྟག་ར་ དེ་ཁར་འོང་མི་ཚུ་གིས་ ཉེ་འདབས་ཀྱི་ནགས་ཚལ་ནང་ལས་ བྱའི་རིགས་ཚུ་ཡང་ བལྟ་ནིའི་གོ་སྐབས་འཐོབ་ཚུགས་ནི་ཨིནམ་ད་ སློབ་ཕྲུག་ཚུ་ལུ་ རང་བཞིན་དང་འབྲེལ་བའི་གོ་བརྡ་ཚུ་ སྤྲོད་ནི་ཨིན་པས།
སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ཡོངས་འབྲེལ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རང་བཞིན་དང་རང་ལུགས་ཀྱི་ ལས་རིམ་སྣ་ཚོགས་ཡོདཔ་ལས་ དང་འདོད་ཡོད་མི་ཚུ་གིས་ དུས་སྟོན་བརྩི་སྲུང་ནང་ འོང་གནང་ཟེར་ཨིན་པས།
རྒེད་འོག་བཞི་གི་ མི་སེར་ཚུ་གིས་ དུས་སྟོན་དེ་ཁར་ འགྲེམ་སྟོན་འབད་ནིའི་དོན་ལུ་ བཟའ་འཐུང་གི་རིགས་ཚུ་ གྲ་སྒྲིག་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ དེ་བསྒང་ མི་༨༠ ལྷགཔ་ཅིག་འོང་ནི་གི་ དམིགས་གཏད་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment