གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་པའི་འདེམས་ངོ་ཚུ་གིས་ རང་སོའི་ཁས་བླངས་གསལ་བཤད་འབད་ཡོདཔ།

༡༦/༥/༢༠༡༣   ༉ ཤར་ཕྱོགས་རྫོང་ཁག་ཚུ་ནང་ མི་སེར་ཚུ་ ད་རེས་ནངས་པ་ སོ་ནམ་ལཱ་གི་འུར་བྱེལ་འཐབ་དོ་ཡོདཔ་ཨིན་རུང་ མོང་སྒར་རྫོང་ཁག་ ཐང་རོང་རྒེད་འོག་གི་ མི་སེར་ཚུ་གིས་འབད་བ་ཅིན་ སོ་ནམ་ལཱ་དང་ བཙག་འཐུ་༢ ཆ་ར་ ཁག་ཆེཝ་ལས་བརྟེན་ ཁྱིམ་གུང་རེ་ལས་ མི་རེ་གིས་ འཛོམས་འདུ་ནང་ བཅའ་མར་གཏོགསཔ་ཨིན་ཟེར་ཨིན་པས།
མོང་སྒར་ཐང་རོང་ལུ་ ཚོགས་པའི་འདེམས་ངོ་ཚུ་གིས་ ཁས་བླངས་གསལ་བཤད་འབད་བའི་བསྒང་།


དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༥ ལུ་ དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས་ཀྱི་དོན་ལུ་ སྲིད་ཚོགས་༤ གི་ འདེམས་ངོ་ཚུ་གིས་ ཐང་རོང་རྒེད་འོག་ལས་ བསྐུལ་བསྒྲགས་འགོ་བཙུགས་པའི་སྐབས་ རྒེད་འོག་ནང་ ཁྱིམ་གུང་པ་༣༥༧ དེ་ཅིག་ཡོད་མི་ལས་ མི་སེར་སོ་ནམ་པ་༣༠༠ མ་ལངམ་ཅིག་གིས་ བཅའ་མར་གཏོགས་ཅི།
རྒྱལ་ཁབ་ནང་ དམངས་གཙོའི་གཞུང་དེ་ གཞི་འགྱམ་སྒྲིང་སྒྲིང་བཙུགས་དགོ་པ་ཅིན་ ཞབས་ཏོག་ཞུ་མི་སྲིད་ཚོགས་དེ་ ལྕོགས་གྲུབ་ཅན་ཅིག་དགོ་ནི་ཨིནམ་ མི་སེར་ཚུ་གིས་ ཧ་གོ་སྟེ་ཡོདཔ་ལས་ དུས་ཅི་ སྲིད་ཚོགས་༤ ཡོད་མི་ཚུ་ མི་སེར་ཚུ་གིས་ ཧ་གོ་སྟེ་ཡོད་ཟེར་ ཝ་ལག་སྟངས་གཡུས་ཚན་ལས་ སོ་ནམ་པ་ཚེ་རིང་རྡོ་རྗེ་གིས་ སླབ་ཨིན་པས།
མི་སེར་ཚུ་ལུ་ སོ་ནམ་གྱི་ལཱ་ཉིནམ་ཅིག་ཆད་པ་ཅིན་ ལོ་༡ ལྟོ་མི་ཐོབ་ཟེར་དོ་བཟུམ་སྦེ་ བཙག་འཐུ་ནང་ ཉིནམ་༡ ལྷོད་མ་ཚུགས་པ་ཅིན་ ལོ་༥ ལྟོ་མ་འཐོབ་པའི་དཔེ་བཟུམ་ཅིག་ཨིནམ་ལས་ འཇིག་རྟེན་པའི་ལཱ་ ག་དེམ་ཅིག་ཡོད་རུང་ འབད་ལོང་ཡོདཔ་ལས་ བཙག་འཐུའི་འཛོམས་འདུ་ཚུ་ནང་ ཁྱིམ་རེ་ལས་མི་རེ་གིས་ རྩ་འགེངས་ཏེ་ར་ བཅའ་མར་གཏོགསཔ་ཨིན་ཟེར་ ལྕང་ཤིང་དགོན་པ་ལས་ འཕྲིན་ལས་ཀྱིས་ སླབ་ཨིན་པས།
ཐང་རོང་རྒེད་འོག་དེ་ མཐའ་ཟུར་གྱི་རྒེད་འོག་ཅིག་ཨིན་རུང་ རྒྱལ་ཁབ་ནང་ སྲིད་ཚོགས་ག་དེམ་ཅིག་ཡོདཔ་ཨིན་ན་ ཤེས་པའི་ཁར་ ཁོང་གི་དོན་ལུ་ སྲིད་ཚོགས་ག་ཅི་བཟུམ་ དགོ་ནི་ཨིན་ན་ སེམས་ཐག་བཅད་ཡོད་རུང་ མི་སྡེའི་ནང་ སྟབས་མ་བདེཝ་ འཐོན་མི་བཅུག་ནིའི་དོན་ལུ་ ཁོང་ར་གིས་ ཐག་བཅད་མི་དེ་ གསང་བའི་ཚོགས་རྒྱན་ཨིནམ་ལས་  ག་ལུ་ཡང་ སླབ་ནི་མེད་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ རྒེད་འོག་ནང་ ལཱ་འབད་འཕྲོ་ལེ་ཤ་ཡོདཔ་ལས་ འཕྲོ་མཐུད་འབད་ནིའི་དོན་ལུ་ ཧེ་མའི་གཞུང་དེ་ དགོ་ནི་བཟུམ་ཡོད་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ མི་སྡེའི་ནང་དང་ རྒྱལ་ཁབ་ནང་ འགྱུར་བ་གསརཔ་དགོ་ནི་དེ་གིས་ སྲིད་ཚོགས་གསརཔ་ལུ་ གོ་སྐབས་སྤྲོད་དགོཔ་བཟུམ་ཅིག་ཡོད་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ སྲིད་ཚོགས་ཀྱི་ལྟ་བ་ལུ་ ཡིད་ཆེས་འདྲོངས་རུང་མ་འདྲོངས་རུང་ ཚོགས་པ་༢ ལས་བརྒལ་མེདཔ་ལས་ མགུ་འཐོམ་དགོཔ་མ་ཐོན་རུང་ སྲིད་ཚོགས་ལེགས་ཤོམ་ག་ཨིན་ན་ལྟ་ནིའི་ གོ་སྐབས་མེད་ཟེར་ཨིནམ་ད་ ད་རེས་ གོ་སྐབས་དང་གཅིག་ཁར་ འཛོལ་ནིའི་ཉེན་ཁ་ཡང་ཡོདཔ་ལས་ ཕུགས་ལུ་ག་དྲག་ནི་ཨིན་ན་ ལེགས་ཤོམ་སྦེ་ ཐག་བཅད་དགོཔ་ཡོད་ཟེར་ཨིན་པས།
སྲིད་ཚོགས་༤ གི་འདེམས་ངོ་ཚུ་གིས་ གསལ་བཤད་དེ་ཡང་ གསལ་བྱེད་ཀྱི་གོ་རིམ་དང་འཁྲིལ་མེན་པར་ གྲོས་བསྟུན་ཐོག་ སྐོར་རྒྱབ་སྦེ་འབད་དོ་ཡོདཔ་ད་ མི་སེར་ལ་ལུ་ཅིག་གིས་ འགོ་༡ པ་དང་༢ པ་མ་གཏོགས་༣ པ་ལས་མར་ལྷོད་པའི་བསྒང་ལས་ ཉན་མི་མེད་མི་དེ་ཡང་ ས་ཁོངས་ལ་ལུ་ཅིག་ ཚ་དྲོད་ལུ་བརྟེན་ཨིནམ་མ་ཚད་ སྲིད་ཚོགས་༤ པོ་ཆ་ར་གིས་ ཁས་བླངས་གསལ་བསྒྲགས་ཚུ་ སྙན་ཚིག་སོ་སོར་མ་གཏོགས་ གནད་དོན་ཅིག་ཨིནམ་ལས་ ཉན་ནི་ལུ་ སྤྲོ་བ་ཞན་མས་ཟེར་ཨིན་པས།
སྲིད་ཚོགས་༤ པོ་ཆ་ར་གིས་ ན་གཞོན་ལཱ་གཡོག་མེད་མི་དང་ དབུལ་ཕོངས་ཀྱི་དཀའ་ངལ་ རྒེད་འོག་དང་ སོ་ནམ་ཞིང་ལམ་ཚུ་ རྩི་ནག་གཏང་ནི་ ཞི་གཡོགཔ་དང་ ས་གནས་གཞུང་གི་ འཐོབ་ཐངས་ཚུ་ ཡར་སེང་འབད་ནི་ ལུང་ཕྱོགས་འདྲ་མཉམ་བཟོ་ནི་ཟེར་བའི་ ཁས་བླངས་ཚུ་ སླབ་ཐངས་མ་འདྲ་རུང་ ཅོག་འཐད་པས་ཟེར་ཨིནམ་ལས་ ཁོང་གིས་ ལྟ་དགོཔ་ངོ་མ་མ་ར་ སྲིད་གཙོ་དང་ སྲིད་ཚོགས་ དེ་ལས་ རང་སོའི་འདེམས་ངོའི་ལྕོགས་གྲུབ་ཚུ་ ཤེས་དགོཔ་ཡོད་མི་དེ་ ཤེས་ཚུགས་ཅི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ ཨྱོན་དབང་འདུས་ཀྱིས་ སླབ་མིའི་ནང་ ཚོགས་པ་ལུ་ མི་སེར་ཚུ་གི་ རྒྱབ་སྐྱོར་ལས་བརྟེན་ ཞབས་ཏོག་ཞུ་ནིའི་གོ་སྐབས་ཐོབ་ཡོད་མི་དང་ ལོ་༥ ཕྱག་ཞུ་བའི་ཤུལ་ལུ་ ད་རུང་ ལོག་སྟེ་ ཁོང་གི་ལྟ་བ་ལུ་ ཡིད་ཆེས་འདྲོངས་ཚུགས་པ་ཅིན་ མི་སེར་ཚུ་ལུ་ སྲིད་ཚོགས་གདམ་ཁ་གནང་ནིའི་གོ་སྐབས་ཕུལཝ་ཨིན་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ འཇིགས་མེད་རྡོ་རྗེ་གིས་འབད་བ་ཅིན་ སྲིད་ཚོགས་དེ་ དུས་ཚོད་དང་བསྟུན་པའི་ ཕྱག་ལཱ་གནང་ནི་ལུ་ ཁས་ལེན་ཡོད་པའི་སྲིད་ཚོགས་ཅིག་ཨིན་ཟེར་ཨིནམ་ད་ གཞུང་དང་མི་སེར་མཉམ་རུབ་ཐོག་ལས་ ཕྱག་ལཱ་གནང་ནི་གི་ཚོགས་པ་ཅིག་ཨིནམ་ལས་ སྲིད་ཚོགས་ཀྱི་གཙོ་འཛིན་ཡང་ ད་ལྟོ་སྐབས་ཅིག་ ཨམ་རྡོ་རྗེ་ཆོས་སྒྲོན་ཨིན་རུང་ གལ་སྲིད་ སྤྱིར་བཏང་བཙག་འཐུ་ལས་རྒྱབ་སྐྱོར་འཐོབ་སྟེ་ བཙག་འཐུ་གྲུབ་པ་ཅིན་ སྲིད་གཙོ་དེ་ཡང་ ད་རུང་ ཚོགས་རྒྱན་ཐོག་ལས་ གདམ་འཐུ་འབད་ནི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབྲུག་ལུ་དམངས་གཙོའི་གཞུང་འགོ་བཙུགས་ཏེ་ ལོ་༥ དེ་ཅིག་སོང་ཡོདཔ་ལས་ ད་ལྟོ་ ལམ་རྒྱ་གྲམ་བཟུམ་ཅིག་ལུ་ལྷོད་དེ་ཡོད་ཟེར་ཨིནམ་ད་ མི་སེར་ཚུ་གིས་འབད་རུང་ དམངས་གཙོའི་ལམ་དེ་ ཕྱི་འགྱུར་ལས་ཕར་གཏང་ནི་མི་འོང་ཟེར་ཨིན་པས།
མི་སེར་དམང་གཙོ་ཚོགས་པའི་འདེམས་ངོ་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ ཚོགས་པའི་ལྟ་བ་དེ་ཡང་ དབང་ཚད་ཕྱིར་སྤེལ་ཨིནམ་ལས་ ད་ལྟོའི་གནས་སྟངས་ནང་བཟུམ་ཅིག་འབད་བ་ཅིན་ རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་དེ་མིན་འདུག་ཟེར་ཨིནམ་ད་ གལ་སྲིད་ སྲིད་ཚོགས་དེ་མི་སེར་གྱིས་ གདམ་འཐུ་འབད་བ་ཅིན་ དབང་ཚད་དེ་ མི་སེར་ཚུ་ལུ་སྤྲོད་ནི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མ་གཞི་འཆར་གཞི་གཞུང་གིས་ གློག་མེ་ལས་འགུལ་ཅིག་བཙུགས་ནིའི་ ལཱ་འགོ་བཙུགས་ཡོད་རུང་ ས་ཁོངས་ནང་མི་བཏུབ་པས་ཟེར་སླབ་སྟེ་ མི་སེར་ཚུ་དང་གྲོས་བསྟུན་ག་ནི་ཡང་ མ་འབད་བར་ ཁུ་སིམ་སི་སྦེ་ ས་ཁོངས་གཞན་ཅིག་ནང་སྤོ་མི་དེ་ དབང་ཚད་ཕྱིར་སྤེལ་མེད་པའི་རྟགས་མཚན་ཨིན་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ བཀྲིས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཚོགས་པ་གིས་ རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་མ་འཐོབ་པའི་ དཀའ་ངལ་བསལ་ནི་དང་ སྔར་སྲོལ་ལམ་ལུགས་བདག་འཛིན་འཐབ་ནི་ཟེར་ཨིན་པས།
སྲིད་ཚོགས་ཀྱིས་ ཨམ་སྲུའི་དཀའ་ངལ་བསལ་ནི་དང་ རྒྱལ་ཁབ་གཞན་དང་མཐུན་ལམ་བཟོ་ནི་ལུ་ རྩ་འགེངས་ནི་ཟེར་ཨིནམ་ད་ ཁོང་གི་ཚོགས་པ་དེ་ ན་གཞོན་དང་ ཉམས་མྱོང་མེད་པའི་འདེམས་ངོ་ཚུ་ ཡོད་པའི་དོགས་པ་ཆགས་མི་དགོ་ཟེར་ཨིན་པས།
སྲིད་ཚོགས་༤ པོ་ཆ་རའི་ འདེམས་ངོ་ཚུ་གིས་ མི་སེར་ཚུ་ལུ་ སླབ་མིའི་ནང་ སྲིད་ཚོགས་ཚུ་ལུ་བརྟེན་ མི་སྡེ་ནང་ སྟབས་མ་བདེཝ་བཟོ་ནི་མེན་པར་ མཐུན་ལམ་གཅིག་སྒྲིལ་ཐོག་ལས་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ སྲིད་ཚོགས་ག་གིས་ཕན་ཐོགསཔ་ཨིན་ན་ བལྟ་ཞིནམ་ལས་ ཚོགས་རྒྱན་གནང་དགོ་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment